ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༢ ཚེས ༢༤ ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འབྲུག་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཨ་རིའི་མཱ་སི་ཁཱ་ཐིང་སློབ་འབྲིང་གི་འཐུས་མི་ཚོགས་པའི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་དང་འབྲེལ། དཔྱིད་གསར་གྱི་རྟེན་འབྲེལ་གཱ་གནང་སྟེ་ཁོང་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་མ་ཟད། ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུང་དོན། ཁྱེད་ཚོས་བསྐུར་བའི་འཕྲིན་ཡིག་གི་རྒྱ་ཡིག་ཡིག་གཟུགས་སྙིང་རྗེ་པོ་བྲིས་འདུག་ལ། ཁྱེད་ཚོས་བཟོས་པའི་ཀྲུང་གོའི་འབྲུག་དང་། ལྕགས་རི་རིང་པོ། དོམ་ཁྲ་བཅས་ཧ་ཅང་གསོན་ཉམས་དོད་པ་ཞིག་འདུག ཁྱེད་ཚོ་གྲོང་ཁྱེར་མང་པོར་བསྐྱོད་དེ་དོམ་ཁྲར་ལྟ་བ་དང་། ཀྲུང་གོའི་ཞིམ་ཟས་ལ་རོལ་བ། ཀྲུང་ཧྭའི་རིག་གནས་ཉམས་ལེན་བཅས་བྱས་ཏེ་ཧ་ཅང་སྐྱིད་པོ་བྱུང་བ་ཤེས་སྐབས་ང་ཧ་ཅང་དགའ་པོ་བྱུང་། གོ་ཐོས་ལ་ཁྱེད་ཚོས་ཀྲུང་གོ་བ་གྲོགས་པོ་ཆུང་ཆུང་མང་པོ་ངོ་ཤེས་པ་མ་ཟད། ཁོང་ཚོ་ཁྱེད་ཚོའི་ཕ་ཡུལ་དུ་འཚམས་འདྲིར་གདན་ཞུ་བྱས་པས། ཁྱེད་ཚོའི་དབར་བྱུང་བའི་མཛའ་གྲོགས་ནི་ཧ་ཅང་མི་སེམས་འགུལ་བ་ཞིག་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་གཏམ་དཔེ་ཞིག་ཡོད། ༡༩༨༥ ལོར་ང་རང་ཨ་རིར་འཚམས་འདྲི་ཐེངས་དང་པོ་བྱེད་སྐབས། སྤྲོ་སེམས་དང་མཛའ་བརྩེ་ལྡན་པའི་ཨ་རིའི་མི་དམངས་ཀྱིས་ང་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་བྱུང་། ད་ཐེངས་ཀྱི་སྤེལ་རེས་དང་འཚམས་འདྲི་བརྒྱུད། ཁྱེད་ཚོས་ཀྲུང་གོ་དང་ཀྲུང་གོ་མི་དམངས་དེ་བས་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཁྱེད་ཚོ་སླར་ཡང་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་གི་ཡིན་ལ། ཨ་རིའི་གཞོན་ནུ་ལོ་ཆུང་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་ནས་སྤེལ་རེས་དང་སློབ་སྦྱོང་བྱས་ཏེ། དངོས་ཡོད་དང་། ཆ་ཚང་། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་རང་ཉིད་ངོ་མས་མྱོང་ཚོར་ཐུབ་པ་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་མཉམ་དུ་སྙིང་གཏམ་ཤོད་པ་དང་གྲོགས་པོ་སྒྲིག་པ་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལག་གདང་སྦྲེལ་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། དེ་རིང་ནི་ཀྲུང་གོའི་འབྲུག་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་རེད། དང་པོའི་བཅོ་ལྔའི་དུས་ཆེན་ནི་ཀྲུང་གོ་བས་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་སྨོན་འདུན་ཞུ་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ངས་ཁྱེད་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་གི་ཡིན་ཞེས་གསུངས་པ་རེད།
༢༠༢༣ ལོའི་ཟླ ༡༡ པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ ༥ ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི ༥ ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་སཱ་ལཱ·ལན་ཏིས་ཉེ་དུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་མཱ་སི་ཁཱ་ཐིང་སློབ་འབྲིང་ཡང་འཆར་གཞི་དེའི་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག ཟླ ༡ ཚེས ༢༤ ཉིན་ནས་ཚེས ༣༠ ཉིན་བར། ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཨ་རིའི་སློབ་འབྲིང་སློབ་མ་ཁག་དང་པོ་ཡིན་པའི་མཱ་སི་ཁཱ་ཐིང་སློབ་འབྲིང་གི་སློབ་མ ༢༠ ལྷག་ཙམ་པེ་ཅིང་དང་། ཧོ་པེ། ཧྲང་ཧའེ་སོགས་སུ་བསྐྱོད་དེ་སྤེལ་རེས་འཚམས་འདྲི་བྱས་པ་རེད། འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱ་ཡིག་ནས་བྲིས་པའི་སྤོ་བོ་ཞི་ལགས། ང་ཚོ་སླེབས་ཡོད་ཅེས་པའི་སློབ་དར་སོགས་ཀྱི་ལག་རྟགས་འཁྱེར་ཡོད། འཚམས་འདྲི་མཇུག་འགྲིལ་རྗེས། འཐུས་མི་ཚོགས་པའི་སློབ་མས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་འཚམས་འདྲི་བྱེད་རིང་གི་དགའ་ཚོར་བརྗོད་པ་མ་ཟད། ཁོང་ཚོ་ཀྲུང་གོར་འཚམས་འདྲིར་གདན་ཞུ་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དབུ་ཚོཊ་འདིར་རྟེན་འབྲེལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ༢༠༢༤ལོའི་ལོ་གསར་ཤིས་ཚིག ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ༡༣༠འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།