ཟླ ༣ ཚེས ༡༥ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་ཨན་ཀོ་ལའི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས། ན་ནིང་། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཕྱི་འབྲེལ་བཙུགས་ནས་ལོ ༤༠ འཁོར་བར་རྟེན་འབྲེལ་ཞུས་ཡོད། ཀྲུང་གོ་དང་ཨན་ཀོ་ལའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནི་ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཁོངས་སུ་གཏོགས་པ་དང་། དེ་ནི་གྲོགས་པོ་བཟང་པོའི་དབར་གྱི་ཕན་ཚུན་རོགས་རམ་དང་། གཉིས་ཁེ་གཉིས་ཕན། མཉམ་ལས་མཉམ་རྒྱལ་བཅས་ཡིན། མིག་སྔའི་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་གི་མདུན་དུ། ཕྱོགས་གཉིས་པོས་མུ་མཐུད་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ཨན་ཀོ་ལས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨན་ཀོ་ལ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་འཐབ་ཇུས་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་སྟེ། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨན་ཀོ་ལའི་མཉམ་ལས་ཀྱི་རྨང་གཞི་ལེགས་པ་དང་གཞི་ཁྱོན་ཆེ་བ། གསབ་རེས་རང་བཞིན་ཆེ་བ་བཅས་ཡིན་པས། གཉིས་ཕན་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་དང་འོད་ཟེར་ལྡན་པའི་མདུན་ལམ་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ་དང་། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་བསྐྱོད་དེ་རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཞིང་ལས་དེང་རབས་ཅན་དང་། བཟོ་ལས་ཅན། དཔལ་འབྱོར་སྣ་མང་ཅན་བཅས་སུ་འགྱུར་རྒྱུར་རོགས་རམ་བྱེད་འདོད་ཡོད། ཨན་ཀོ་ལས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ། ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད། ཀྲུང་གོར་བདེ་འཇགས་ལྡན་པ་དང་སྤུས་ལེགས་ཀྱི་ཨན་ཀོ་ལའི་ཐོན་རྫས་དེ་བས་མང་བ་འོས་སྦྱོར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ་དང་། ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་ཨན་ཀོ་ལའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲད་ནས། མི་ཆོས་རིག་གནས་སྤེལ་རེས་དང་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་གྱི་ཡར་ཐོན་རྣམ་པ་འགོག་ཐབས་བྲལ་ཞིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ངམ་ཡང་ན་དར་རྒྱས་གོང་འཕེལ་གང་གི་ཐད་ཡིན་ཀྱང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེའི་ནང་ཞུགས་པའི་དགོས་པ་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁ གླིང་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་ལ་སྲུང་སྐྱོང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གི་བློས་འགེལ་ཆོག་པའི་གྲོགས་པོ་དང་ཟོལ་མེད་ཀྱི་རོགས་ཟླ་ཞིག་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་བྱེད་ཐབས་བརྒྱུད་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཨན་ཀོ་ལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
ལུའོ་ལུན་སུའོ་ཡིས། ཀྲུང་གོར་འཚམས་འདྲིར་སླེབས་པ་དེ་ང་ཚོར་མགྲོན་པོ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་། ཨན་ཀོ་ལ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། ཨན་ཀོ་ལར་ནང་འཁྲུག་མཇུག་འགྲིལ་ནས་ཉམས་པ་ཀུན་གསོ་བྱེད་པའི་དུས་ཡིན་ནའང་འདྲ། ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་དཀའ་ངལ་ཆེ་བའི་སྐབས་ཡིན་ནའང་འདྲ། ཀྲུང་གོ་ནི་ཨན་ཀོ་ལ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་སྔ་ཤོས་ཤིག་ཡིན་པས། ཨན་ཀོ་ལ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་རྒྱབ་སྐྱོར་དང་མཉམ་ལས་བྱས་པ་དེས་ཨན་ཀོ་ལའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པས། གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཨན་ཀོ་ལས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨན་ཀོ་ལར་མ་འཇོག་བྱེད་པར་ཡོང་ནས་ཨན་ཀོ་ལའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཐད་རོགས་རམ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨན་ཀོ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ཐའེ་ཝན་གྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་བར་ཨན་ཀོ་ལ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་རྩ་དོན་དང་དེ་བཞིན་རྒྱལ་ཁབ་ཁག་གི་བདག་དབང་དང་རང་བཙན། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་སྲུང་སྐྱོང་བྱེད་འདོད་ཡོད། དེ་རིང་ང་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཨན་ཀོ་ལ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས། ཕྱོགས་གཉིས་པོས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་བའི་ཆོད་སེམས་གང་ལེགས་མངོན་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་འགུག་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་བཟོ་སྒྲིག་དང་། དཔལ་འབྱོར་ཉོ་ཚོང་། ཞིང་ལས། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས༼ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།
མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ལུའོ་ལུན་སུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
གནམ་བདེ་སྒོ་མོའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས ༢༡ བརྒྱབ་པ་དང་། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཞི་ཅིན་ཕིང་གི་ཕེབས་རོགས་འོག ལུའོ་ལུན་སུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་དཔུང་ཁག་བགོས་ཀྱི་རུ་སྟར་ལ་གཟིགས་པ་རེད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ལུའོ་ལུན་སུའོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ། ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་མཇལ་མོལ་གནང་བ།