གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་མཇལ་མོལ་གནང་བ།

སྤེལ་དུས་: 2024ལོ་02ཟླ་29ཚེས་ 11:52 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ ༢ ཚེས ༢༨ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་མཇལ་མོལ་གནང་ཡོད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༢༨ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས། སི་ར་ལ་ཨོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཀྲུའུ་ལི་ཡེ་སི·མ་ཏེ·པི་ཨའོ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་རྟེན་འབྲེལ་མེ་སྒྱོགས་ཐེངས ༢༡ བརྒྱབ་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།

པི་ཨའོ་དང་ལྷན་དུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། དབུ་བཞུགས་པུའུ་ཀྲང་། ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའི་པུའུ་ཀྲང་སོགས་ཡོད་པ་རེད།

དམག་དཔུང་རོལ་ཆ་ཚོགས་པས་སེ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་གནང་ཡོད།

ཞི་ཅིན་ཕིང་གི་ཕེབས་རོགས་འོག་པི་ཨའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་སོ་སོར་གཟིགས་ཞིབ་གནང་ཡོད།

པི་ཨའོ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་གྱི་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པི་ཨའོ་དང་མཇལ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་སུ་ཕན་འབྲས་ཆེ་བའི་མཉམ་ལས་བྱེད་པ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སོགས་ཀྱི་གྲོས་གཞིའི་ཐད་མཐུན་སྦྱོར་དམ་ཟབ་བྱེད་པ། ཨའེ་པོ་ལའི་རིམས་ནད་འགོག་བཅོས་དང་ཏོག་གསར་རིམས་ནད་འགོག་བཅོས་བྱེད་སྐབས་དུས་ངལ་ཁྱད་བསད་བཅས་བྱས་ཡོད་པ་དང་། ཀྲུང་གོ་དང་སི་ར་ལ་ཨོང་གི་འབྲེལ་བ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཡིན་ཞེས་བརྗོད་ཆོག་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་གོ་དང་སི་ར་ལ་ཨོང་གི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སི་ར་ལ་ཨོང་གི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་གཉེར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་གི་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་ཁེ་ལས་སི་ར་ལ་ཨོང་དུ་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ཨ་ཧྥེ་རི་ཁ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། སི་ར་ལ་ཨོང་ཕྱོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནང་ཧུར་ཐག་ཞུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ལས་དབང་གཅིག་མཐུན་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་འཛིན་ནས།ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་ཕན་ཚུན་རྒྱབ་སྐྱོར་དང་མཛའ་གྲོགས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་དང་། ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་ལ་རོགས་རམ་བྱེད་པའི་འཆར་གཞི་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་ལས་འཆར་གཞི་བཅས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི༼ ༢༠༦༣ ལོའི་གྲོས་རིམ༽དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱ་རྒྱུ་དང་། ཀྲུང་གོའི་འཕེལ་རྒྱས་དང་། ཨ་ཧྥེ་རི་ཁའི་འཕེལ་རྒྱས། འཛམ་གླིང་གི་འཕེལ་རྒྱས་བཅས་སྔར་བས་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་དང་། འཛམ་གླིང་འདི་ཉིད་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་རྒྱས་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཚུད་པའི་ཨ་ཧྥེ་རི་ཁའི་གྲོགས་པོ་དང་མཉམ་དུ་འདི་ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་འདུ་ཡག་པོ་འཚོགས་ནས། ཀྲུང་གོ་དང་སི་ར་ལ་ཨོང་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་བསྟན་འདུག

པི་ཨའོ་ཡིས། ཀྲུང་གོ་ནི་སི་ར་ལ་ཨོང་གིས་ཡིད་རྟོན་བློས་འགེལ་བྱེད་པའི་གྲོགས་པོ་ཡིན་པ་དང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་བྱེད་པ་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་གྱི་ཡོད་ཅིང་། སྲོལ་རྒྱུན་གྱི་མཛའ་གྲོགས་གཏིང་ཟབ་ལྡན་ཡོད། ཀྲུང་གོས་སི་ར་ལ་ཨོང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་སི་ར་ལ་ཨོང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་བྱུང་བ་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་བར་སི་ར་ལ་ཨོང་གིས་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོའི་ཉམས་མྱོང་གིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོང་འཕེལ་ཇེ་མགྱོགས་གཏོང་བར་བློ་སྒོ་ཟབ་མོ་འབྱེད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་མིའི་རིགས་ཡོངས་ཀྱི་ཐུན་མོང་ཁེ་ཕན་ལ་སྐུལ་འདེད་གཏོང་བར་རྒྱ་ཆེ་ཞིང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། སི་ར་ལ་ཨོང་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཉོ་ཚོང་། སློབ་གསོ། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་ཁམས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། སི་ར་ལ་ཨོང་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། སི་ར་ལ་ཨོང་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སི་ར་ལ་ཨོང་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཞིང་ལས། དཔལ་འབྱོར་གོང་འཕེལ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད།

ཕྱོགས་གཉིས་པོས།༼ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ར་ལ་ཨོང་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽ཞེས་པ་སྤེལ་གནང་ཡོད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པི་ཨའོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་ཡོད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཨ་རིའི་མཱ་སི་ཁཱ་ཐིང་སློབ་འབྲིང་གི་འཐུས་མི་ཚོགས་པའི་སློབ་མར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་གིས་དབུ་ཚོཊ་འདིར་རྟེན་འབྲེལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ༢༠༢༤ལོའི་ལོ་གསར་ཤིས་ཚིག ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།