ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་དུ་གོ་གནས་སྤར་བའི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཚེས ༢༨ ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཉེར་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་གནང་ཡོད།
ཕྱི་དྲོའི་ཆུ་ཚོད ༥ པ་ཡོལ་ཙམ་ལ། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་རྒྱུའི་བཀའ་རྒྱ་སྒྲོག་སྦྱང་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ནི། ཀྲུང་དབྱང་དམག་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་རེན་ཧྭ་དང་། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་ཞའོ་ཐེན་ལེའང་རེད།
ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་གཉིས་དཔའ་ཉམས་དོད་པོའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཕེབས་ཡོད། ཞི་ཅིན་ཕིང་གིས་ཁོང་གཉིས་ལ་བཀའ་ཤོག་སྤྲད་གནང་བ་དང་རྟེན་འབྲེལ་ཞུས་ཡོད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དཔུང་རྟགས་བཏགས་པའི་དམག་དཔོན་རྣམ་གཉིས་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་གུས་འདུད་ཞུས་ཤིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།
གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་འགྲིལ་བ་དང་། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན་ཡོད།
ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་དང་། དམག་ཨུད་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ། ཀྲུང་གོ་དང་ཧུང་ཏུ་ར་སིའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་གཅིག་འཁོར་བ། ༼ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས༽དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་ནས་ཧུའུ་ནན་གྱི་གོང་འཕེལ་ཐད་ནན་སྟོན་འདི་ལྟར་གནང་།