རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧུང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐེ་ལུའོ་ཡིས་ཚེས ༢༦ ཉིན་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ན་ནིང་ཟླ་གསུམ་པར་ཀྲུང་གོས་ཧུང་ཏུ་ར་སི་དང་ཕྱི་འབྲེལ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ན་ནིང་ཟླ ༦ པར་ཙུང་ཐུང་མཁྱེན་ལྡན་མས་ཀྲུང་གོར་གྲུབ་འབྲས་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་གྲོས་མོལ་གནང་བ་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་འཇོག་ཐུབ་པ་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་གོང་འཕེལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཧུང་ཏུ་ར་སི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བར་ང་རང་ནས་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧུང་ཏུ་ར་སིའི་དབར་ཕྱི་འབྲེལ་བཙུགས་པ་དེ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས་གཏན་ལ་འཁེལ་བའི་ཆབ་སྲིད་ཀྱི་ཐབས་ཇུས་ཡང་དག་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། ང་རང་ནས་ཀྲུང་གོ་དང་ཧུང་ཏུ་ར་སིའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཙུང་ཐུང་ཁཱ་སི་ཐེ་ལུའོ་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བ་གོ་སྐབས་སུ་བྱས་ཐོག ཕན་ཚུན་རྒྱབ་སྐྱོར་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་ཧུང་ཏུ་ར་སིའི་དབར་གྱི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།
ཁཱ་སི་ཐེ་ལུའོ་ཡིས། ཀྲུང་གོར་ལོ་ངོ་སྟོང་གི་ཤེས་དཔལ་ལྡན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ནང་བྱེད་པོ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་པས། འཛམ་གླིང་གིས་མིག་དཔེ་ལྟ་ས་ཞིག་ཡིན་ལ་ཧུང་ཏུ་ར་སིའི་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། ཀྲུང་གོས་གསར་གཏོད་གོང་འཕེལ་ལ་གཞོལ་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞིར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་རམས་འདེགས་ཤུགས་ཆེན་བྱས་པ་བཅས་ལ་ང་ཚོས་བདེན་དཔང་བྱས་ཡོད། ཧུང་ཏུ་ར་སི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རང་བཙན་རང་བདག་དང་ཕན་ཚུན་བརྩི་འཇོག་བྱེད་པའི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། །