རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡ ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཧིན་རྡུ་ཉི་ཞི་ཡའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཝོ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་ཙུང་ཐུང་ཙུའོ་ཁོ་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞུས་ཡོད། ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ ༡༠ ཡི་ནང་། ང་རང་དང་ཙུང་ཐུང་ཙུའོ་ཁོ་ཡིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅ་ཝན་མྱུར་བགྲོད་ལྕགས་ལམ་དེ་རྒྱལ་ཁབ་གཉིས་པོའི་སྤུས་མཐོའི་མཉམ་ལས་ཀྱི་གསེར་བྱང་ལྟ་བུར་གྱུར་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་དུས་མཚམས་གསར་པར་སླེབས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་གྱི་ཡོད། ཧིན་རྡུ་ཉི་ཞི་ཡ་དང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་རྒྱལ་ཁབ་ཆེན་པོའི་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་རྩ་ཆེའི་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་དང་། ཕན་ཚུན་ཡིད་ཆེས་དང་རོགས་རེས་མཐའ་འཁྱོངས། མཉམ་ལས་མཉམ་རྒྱལ་མཐའ་འཁྱོངས། དྲང་གཞག་དྲང་བདེན་མཐའ་འཁྱོངས་བཅས་བྱས་པར་ཐུག་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་འཐུས་ཚབ་ཡིན། སྔོན་ཆད། རྒྱལ་ཁབ་གཉིས་པོས་མི་རིགས་རང་བཙན་བརྩོན་ལེན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་ལ། སླད་ཕྱིན་ཆད་ཀྱང་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་དང་། ཐུན་མོང་གོང་འཕེལ་གཏོང་བའི་དཔེ་གཞི། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་གདོང་ལེན་པ་བཅས་གཏོད་དགོས། ཕྱོགས་གཉིས་པོས་རང་ངོས་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ཐོག ཕན་ཚུན་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་གླིང་གཉིས་དང་ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཚོ་ཐོག་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཕོངས་ཉུང་གཏོང་དང་དབུལ་སྒྲོལ་ཁྱབ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ལ་རྒྱབ་སྐྱོར་ཡང་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་ལེན་གང་ལེགས་བསྟར་ནས། མཐུན་སྒྲིལ་དང་མཛའ་གྲོགས། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ལྟེ་བའི་གནས་བབ་སྲུང་སྐྱོང་དང་། སྒོ་དབྱེ་ཁོང་ཡངས་ཀྱི་ས་ཁུལ་སྒྲོམ་གཞི་སྲུང་སྐྱོང་བྱས་ཏེ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་བསྟན་གནང་ཡོད།
ཕུའུ་ལ་པོ་ཝོ་ཡིས་ཙུང་ཐུང་ཙུའོ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་བརྒྱུད་ཞུ་གནང་བ་དང་། ཀྲུང་གོ་འདི་ཉིད་རང་ཉིད་ཙུང་ཐུང་ལ་བདམས་རྗེས་ཀྱི་འཚམས་འདྲིའི་རྒྱལ་ཁབ་དང་པོར་གྱུར་བར་ཧ་ཅང་དགའ་པོ་བྱུང་གསུངས་ཡོད། ཁོང་གིས། ཀྲུང་གོ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ཧིན་རྡུ་ཉི་ཞི་ཡ་དང་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་གནང་སྟེ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ང་རང་ནས་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡའི་སྟོབས་དང་ལྡན་པའི་མཉམ་ལས་རོགས་ཟླ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ངང་ཞུགས་ཏེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གོང་འཕེལ་ཡོང་བར་རམ་འདེགས་བྱས་ཡོད། ང་རང་ནས་དེ་བས་དམ་ཟབ་ཀྱི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཙུང་ཐུང་ཙུའོ་ཁོ་ཡིས་ཀྲུང་གོར་འཛིན་པའི་མཛའ་གྲོགས་སྲིད་ཇུས་རྒྱུན་མཐུད་པ་དང་། རང་བཙན་རང་བདག་མཐའ་འཁྱོངས་བྱེད་པ། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ཞུ་བ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལྟེ་བའི་ཁེ་ཕན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བཅས་བྱེད་འདོད་ཡོད། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གསར་པས་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དབུལ་སྒྲོལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་བས་མང་བ་བསྐྲུན་འདོད་ཡོད། རྒྱལ་སྤྱིའི་བྱ་དོན་དང་ལྷག་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་གྱི་གཙོ་འགན་འཁུར་བར་ང་རང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཐད་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་མོལ་ནང་ཞུགས་ཡོད། །