ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༢༣ ཉིན་གྱི་ཕྱི་དྲོ་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་གནས་བབ་ཧྲིལ་པོའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། སྔར་རྒྱུན་བཞིན་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། གོམ་གང་མདུན་སྤོས་ངང་སྲུང་སྐྱོང་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཆགས་པ་བྱེད་པ། ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་རྒྱུན་མཐུད་གོང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་མ་ཤིང་རུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ལྗོངས་གཞན་དག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་གོང་འབུལ་ཞུས་ཡོད།
ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་པར་བྱེད་པའི་ཐད་བཀོད་སྒྲིག་གནང་ནས་ལོ་ལྔ་སོང་རིང་། ནུབ་རྒྱུད་ས་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཕན་འབྲས་གལ་ཆེན་ཐོབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་རྣམ་པ་མགྱོགས་མྱུར་ཆགས་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད། དེ་དང་དུས་མཚུངས་སུ། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས་ཞིབ་འཇུག་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པ་མཐོང་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱད་ལྡན་བཟང་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་སའི་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་བརྗེ་སྒྱུར་རིམ་སྤར་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད་ཡག་པོ་གཏོང་བ་བཅས་ཧུར་ཐག་བྱས་ནས། འབད་བརྩོན་ཆེན་པོས་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་འགག་སྒྲོལ་ཐུབ་པ་བྱ་དགོས། ཤར་རྒྱུད་དང་དབུས་རྒྱུད་ནུབ་རྒྱུད་བཅས་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དཔེ་སྟོན་ཁུལ་ལེགས་པར་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་བསྒྱུར་བཀོད་མགྱོགས་སུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་སྒྲིག་ཆས་གསར་སྒྱུར་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་བཟང་ཆའི་ཐོན་ལས་རིམ་སྤར་དང་སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཆོད་དང་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཚད་མཐོ་རུ་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་ནུབ་རྒྱུད་ས་ཁུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་ས་ཁོངས་ཀྱི་ཀ་རྟེན་ཐོན་ལས་སུ་འགྱུར་བ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བཅས་བྱས་ནས། ས་ཁུལ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་ཆགས་པར་བྱེད་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ལེགས་སུ་གཏོང་བ་དང་། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། འབྱུང་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། བྱང་གསུམ་ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ལེགས་པར་རྒྱག་དགོས། འབྱུང་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་གཏིང་ཟབ་ཏུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་བསྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གོ་རིམ་ཡོད་པའི་སྒོ་ནས་རྡོ་སོལ་གཙང་མ་དང་ལས་ཆོད་ཆེན་པོས་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་འཕྲེད་ཕྱོགས་ཀྱི་འབྱུང་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། སྒོ་འབྱེད་ཆེན་པོས་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ནུབ་རྒྱུད་ས་ཁུལ་གྱི་ཕྱི་ནང་ཕྱོགས་གཉིས་ཀར་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལམ་རྒྱུད་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་གཏིང་ཟབ་ཞུགས་དགོས། མཐའ་མཚམས་ས་ཁུལ་གྱི་རིགས་ཁག་གི་ཐོན་ལས་གླིང་ཁུལ་དང་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། མངའ་ཁོངས་ལས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། སྔར་བས་རང་འགུལ་ངང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་དང་འབྲེལ་མཐུད་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། ཤར་རྒྱུད་དང་དབུས་ནུབ་རྒྱུད་ཀྱི་སྒོ་འབྱེད་སྟེགས་བུའི་འབྲེལ་མཐུད་ལམ་སྲོལ་གསར་གཏོད་བཅས་བྱས་ནས། ཤར་རྒྱུད་དང་དབུས་རྒྱུད་དང་། བྱང་ཤར་ས་ཁུལ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ནུས་ཁུངས་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་ཁག་གཅིག་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྦུབས་ལམ་དང་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ནུབ་གློག་ཤར་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཏེར་ཁའི་ཐོན་ཁུངས་འཆར་འགོད་དོ་དམ་ཚོད་འཛིན་དང་། གཞི་ཁྱོན་ཅན། གཞི་བསྡུས་ཅན་བཅས་ཀྱི་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་རིམ་པའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་རྟེན་གཞི་ཁག་གཅིག་མགྱོགས་མྱུར་ཆགས་པར་བྱ་དགོས། ཆུའི་ཐོན་ཁུངས་བདེ་འཇགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་ལས་བརྒལ་བའི་ཐོན་ལས་རོགས་ལས་དང་བཀོད་སྒྲིག་ལེགས་སྒྱུར་གྱི་ལམ་སྲོལ་གསར་གཏོད་བྱས་ནས། ཐོན་ལས་སྐས་རིམ་སྤོ་སྒྱུར་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱ་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་གཏོང་དགོས། གྲོང་ཁྱེར་ཁྱུ་ཚོགས་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། ཞིང་ཆེན་ཁོངས་ཀྱི་ལྟེ་གནས་ཕལ་པའི་གྲོང་ཁྱེར་ཁག་གཅིག་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་སྟེ། གྲོང་ཁྱེར་བར་གྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ཤང་གྲོང་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་ཟུང་འབྲེལ་དམ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་དགོས། ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་ཤང་གྲོང་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཁྲི་སྟོང་ལས་གཞིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་གཏོད་དགོས། རང་སོའི་ཁྱད་ལྡན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་སྟོབས་ཆེའི་རྫོང་དང་། བཟོ་ལས་རྫོང་ཆེན་པོ། ཡུལ་སྐོར་རྫོང་གྲགས་ཅན་བཅས་ཁག་གཅིག་སྐྱེད་སྲིང་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་ལས་ཞུགས་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ཡག་པོ་འཁུར་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོམས་སྲོལ་བསྒྱུར་བར་སྐུལ་འདེད་བཏང་ནས། དུས་རབས་ཀྱི་སྲོལ་རྒྱུན་གསར་པ་དང་རྣམ་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱ་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཏེ། གཞི་རིམ་བརྟན་ལྷིང་དང་མང་ཚོགས་བདེ་འཇགས་རྒྱུན་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལ་ལག་བསྟར་བྱེད་དགོས། དམངས་འཚོར་ལེགས་པར་བསྟུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དམངས་འཚོའི་མ་མཐའི་ཚད་གཞི་སྲུང་བ། གཙོ་གནད་ཐོག་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་ངང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཕན་ཚུན་འདེགས་སྐྱོར་དང་ཕན་ཚུན་སྐུལ་འདེད་གཏོང་བའི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་མགྱོགས་སུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་མུ་མཐུད་བཅོས་སྐྱོང་བྱེད་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་མང་ཚོགས་ཕྱུག་འགྱུར་དང་། མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་གཙོ་འགན་འཁུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཤར་ནུབ་རོགས་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁ་གཏད་རོགས་སྐྱོར་དང་དམིགས་འཛུགས་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་དགོས། བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ཐབས་ཇུས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་མ་བཏོན་གོང་རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཉེན་ཁར་དཔྱད་དཔོག་བྱེད་དགོས་པ་དང་། ལག་བསྟར་བྱེད་རིང་གནད་དོན་ཐོན་སྐབས་དུས་ཐོག་ཏུ་བརྟག་དཔྱད་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་དགོས། ལྷག་བསམ་རྣམ་དག་དང་དྭངས་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་པ་དང་། དཔྱད་ཞིབ་དང་སྐུལ་ལྕག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་བྱས་ཏེ། ལས་བྱེད་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བློ་ཁོག་ཆེན་པོས་གསར་འབྱེད། འགན་འཁུར་ནས་བྱས་རྗེས་འཇོག་རྒྱུ་བཅས་ལ་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་གཅིག་ནས་ཆེ་སར་དམིགས་ཏེ་ནུབ་རྒྱུད་གསར་སྤེལ་ཆེན་མོ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་དུ་བཞག་ནས་ངེས་གནས་བསམ་གཞིག་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་ཞིབ་ཕྲའི་ཐད་ནས་འགོ་བཙུགས་ཏེ་ས་གནས་ཁག་གི་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སོགས་ཀྱི་ཧེ་བག་ལ་གཞིགས་ནས། ཡུལ་བབ་དང་བསྟུན་ཐོག་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱེད་དགོས། དམིགས་བསལ་ཁྱད་ཆོས་ལྡན་པའི་བཟང་ཆར་གཞི་ཚུགས་ནས། ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་དང་འཕར་ཁུལ་སྔར་ལས་མང་བ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ། དམིགས་བསལ་རིགས་ཀྱི་ས་ཁུལ་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་བ་དང་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ཕྱི་ནང་གཉིས་ཀར་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས། རང་འགུལ་ངང་རྒྱལ་ནང་གི་ས་ཁོངས་གཞན་དག་གི་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་། རྒྱལ་སྤྱིའི་འཁོར་རྒྱུག་ནང་ཧུར་ཐག་ཞུགས་ནས། ནུབ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཡག་པོ་འཁུར་ཐོག འབྱུང་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་རྒྱག་པ་དང་། གནད་སྨིན་དང་ཚན་རིག་དང་མཐུན་པ། ཁྲིམས་དང་མཐུན་པ་བཅས་ཀྱི་སྒོ་ནས་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་དང་ཐཱན་ཉུང་ལ་རྣམ་པ་བརྗེ་སྒྱུར་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་རྒྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། ཝུའུ་ཀྲེང་ལུང་། མུའུ་ཧུང་། ཅང་ཤིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། །