གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་པ།

སྤེལ་དུས་: 2024ལོ་06ཟླ་28ཚེས་ 15:41 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ ༦ ཚེས ༢༧ ཉིན་གྲོས་ཚོགས་སྐོང་འཚོགས་བྱས་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་ཐད་ཞིབ་འཇུག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཟླ ༧ ཚེས ༡༥ ཉིན་ནས་ཚེས ༡༨ ཉིན་པར་པེ་ཅིང་དུ་སྐོང་འཚོགས་བྱ་རྒྱུའི་གཏན་འཁེལ་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཞེས་པའི་མ་ཟིན་དེར་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་། ད་ཐེངས་ཀྱི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས་ཀྱི་ཡིག་ཆའི་མ་ཟིན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བ་རེད།

གྲོས་ཚོགས་ཐོག ད་ཐེངས་ཀྱི་བསམ་འཆར་བསྡུ་ལེན་དེའི་ཐོག་ནས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་བློ་བསྡུས་དགེ་འཚོལ། ས་ཁུལ་ཁག་དང་སྡེ་ཁག་ཁག ཕྱོགས་ཁག་བཅས་ཀྱིས་གཏན་འབེབས་ཀྱི་མ་ཟིན་དེར་ཁས་ལེན་གང་ལེགས་ཐོབ་ཡོད་ཅིང་། གཏན་འབེབས་ཀྱི་མ་ཟིན་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དམིགས་ཏེ་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་བཀོད་སྒྲིག་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཡོད་པས། དེ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པའི་ངོས་འཛིན་བྱས་ཡོད་ཅིང་། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གཏོད་པའི་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མངོན་ཡོད་ཅེས་བསྟན་འདུག

གྲོས་ཚོགས་ཐོག ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དེ་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ༢༠༣༥ ལོར་སླེབས་དུས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཁྱོན་ཡོངས་ནས་སྐྲུན་ཚར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་ཀྱིས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་ཆེད་རྨང་གཞི་སྲ་ཞིང་བརྟན་པ་འདིང་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱེད་དགོས་པ་དང་། གཤམ་གསལ་གྱི་རྩ་དོན་དོན་འཁྱོལ་བྱེད་དགོས་པ་སྟེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གིས་གནས་བབ་ཧྲིལ་པོར་གཅིག་གྱུར་ལྟ་སྡོམ་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པ། ཏང་གིས་འགོ་ཁྲིད་དེ་བསྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་བཅས་ཀྱི་ཐོག་ནས། བསྒྱུར་བཅོས་དེ་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མདུན་སྐྱོད་བྱ་རྒྱུར་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་གཙོ་གཟུགས་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ལ་དགོས་མཁོ་ཡོད་ཚེ། བསྒྱུར་བཅོས་ཀྱིས་ལན་ཆ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། བསྒྱུར་བཅོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། བསྒྱུར་བཅོས་མི་དམངས་ལ་བརྟེན་དགོས་པ། བསྒྱུར་བཅོས་གྲུབ་འབྲས་དེ་མི་དམངས་ཀྱི་མཉམ་སྤྱོད་བྱེད་ཐུབ་པ་བཅས་བྱེད་དགོས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱེད་པ། དུས་རབས་ཀྱི་གོམ་འགྲོས་ཀྱི་རྗེས་སུ་སྙེགས་པ། ལག་ལེན་གོང་འཕེལ་ལ་བསྟུན་པ། གནད་དོན་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ་བཅས་ཀྱི་ཐོག་ནས། འགོ་འཛུགས་ས་གསར་པའི་ཐོག་རིག་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་དང་། དེ་བཞིན་ཕྱོགས་ཁག་གི་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྱོང་དེ་གཙོ་ཐིག་ཏུ་བཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། འཛུགས་གཏོར་གཉིས་ཀར་མཐོང་ཆེན་དང་སྔོན་ལ་འཛུགས་པ་དང་རྗེས་སུ་ལེགས་སྒྲིག་བྱེད་པ། རྩ་བའི་ལམ་ལུགས་སྲ་བརྟན་དུ་གཏོང་བ། གཞི་རྩའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་གསར་གཏོད་བཅས་བྱེད་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་འཁོར་ལམ་ཐོག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། བསྒྱུར་བཅོས་དང་ཁྲིམས་སྐྱོང་གཉིས་ཀ་གཅིག་འགྱུར་ཐུབ་པ་བྱེད་པ་བཅས་ཀྱི་ཐོག་ནས། བསྒྱུར་བཅོས་ཆེན་པོར་གཞི་འཛིན་སའི་ཁྲིམས་ཡོད་པ་དང་། དུས་ཐོག་ཏུ་བསྒྱུར་བཅོས་ཀྱི་ཕན་འབྲས་དེ་ཁྲིམས་ལུགས་ཀྱི་ལམ་ལུགས་སུ་རིམ་སྤོར་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས། སྲིད་གཞུང་དང་ཁྲོམ་ར། ལས་ཕྱོད་དང་དྲང་བདེན། གསོན་ཤུགས་དང་སྒྲིག་ལམ། གོང་འཕེལ་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ནས། བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཞིག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གིས་མུ་མཐུད་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་འགུལ་རྒྱུན་འཁྱོངས་བྱེད་པ། བསྒྱུར་བཅོས་ཀྱི་སྙིང་སྟོབས་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་བསྒྱུར་བཅོས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐབས་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནུས་ཤུགས་སྟོབས་ཆེན་དུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་ཀྲུང་ཧྥའི་གཙོ་བདག་གི་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ། ཞི་ཅིན་ཕིང་གིས་ཧྥ་རན་སི་སོཊ་སུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ།