ས་གནས་དེ་གའི་དུས་ཚོད་ཟླ ༥ ཚེས ༥ ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སེར་ཕེབས་འབྱོར་ཟིན་པ་དང་། ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཁེ་ལུང་གི་གདན་ཞུས་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སེའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས། ཧྥ་རན་སེའི་ཙུང་ལི་ཨ་ཐའར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ང་རང་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ཧྥ་རན་སེའི་མི་དམངས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༦༠ འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཤར་ནུབ་ཤེས་དཔལ་གྱི་འཐུས་ཚབ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་དང་ཧྥ་རན་སེའི་དབར་དུས་ཡུན་རིང་པོའི་ནང་ཕན་ཚུན་ཡི་རང་དང་ཕན་ཚུན་དགའ་ཞེན་བྱེད་ཀྱི་ཡོད། ལོ ༦༠ ཡི་གོང་། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་བཀག་རྒྱ་ལས་བསྒྲལ་ནས་གཞུང་ཚབ་ཆེ་མོ་བ་རིམ་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། ལོ་ངོ་ ༦༠ རིང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་གོང་འཕེལ་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྦྱིན་པ་མ་ཟད། ལྷིང་འཇགས་མེད་པའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཀྱང་བསྣན་ཡོད།འཚམས་འདྲི་ཞུ་རིང་། ང་རང་ནས་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་དུས་བབ་གསར་པའི་འོག་ཀྲུང་གོ་དང་ཧྥ་རན་སེ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་དང་། དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་བཤེས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཐབ་ཇུས་ཀྱི་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱེད་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལོ་རྒྱུས་ཀྱི་དཔལ་འབར་གྱིས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱ་རྒྱུ་དང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་གཏོད་དེ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་ཐུབ་རེ་བྱེད་བཞིན་ཡོད་ཅེས་བསྟན་འདུག
ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བཞུགས་ཏེ་ཕེབས་འབྱོར་ཟིན་ཡོད།
ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་སྤུན་ཟླ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ཀྲུང་གོའི་སློབ་མ་བཅས་ཀྱིས་རང་འགུལ་ངང་བགྲོད་ལམ་གཡས་གཡོན་དུ་སྒུག་ནས་བསྡད་ཡོད་པ་དང་། ཀྲུང་གོ་དང་ཧྥ་རན་སེའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག་ཅེས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཧྥ་རན་སིར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་ཞེས་པ་སོགས་བྲིས་པའི་འཕྲེད་ཡིག་དམར་པོ་མཐོན་པོར་སྒྲེང་པ་དང་། ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་ཅིང་། རྔ་རྡུང་རོལ་དཀྲོལ། འབྲུག་བྲོ་སེང་བྲོ་འཁྲབ་པ་བཅས་ཀྱི་རྣམ་པའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥ་རན་སི་སོཊ་སུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ། ཞི་ཅིན་ཕིང་གི་གསུང་རྩོམ་དེབ་འདིའི་དབྱིན་ཡིག་པར་མ་བཀྲམས་འདུག ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།