ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༤ ཉིན་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་བསྟར་བ། འགན་འཁྲི་དང་ལས་འགན་ཤུགས་ཆེར་གཏོང་བ། གསར་གཏོད་འགག་གཏོར་བྱེད་ཕོད་པ། དམག་དཔུང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སྟོབས་ཆེན་ཞིག་ཧུར་ཐག་བཙུགས་ནས་རང་དམག་གི་དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་ལ་མཆོངས་བརྒལ་ལྟ་བུའི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ནི་དམག་རིགས་ཀྱི་གྲུབ་གཞི་ལེགས་སྒྲིག་དང་བསྒྱུར་བཅོས་བྱེད་པའི་ཁྲོད་གསར་དུ་བཙུགས་པའི་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་ཡིན་པ་དང་། ཞི་ཅིན་ཕིང་སྐུ་ངོ་མས་ད་ལོའི་ཟླ ༤ པར་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་གནང་བ་མ་ཟད་ཁ་ཏ་བསླབ་བྱ་ཟབ་མོ་གནང་ཡོད།
སྔ་དྲོའི་ཆུ་ཚོད ༡༠ པ་ཙམ་ལ། ཞི་ཅིན་ཕིང་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ལས་ཁུངས་སུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་མཁན་འཐུས་མི་ཡོངས་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་། ཚང་མ་དང་མཉམ་སྡེབ་དྲན་བརྟེན་སྐུ་པར་ཡང་བསྐྱོན་པ་རེད།
དེ་རྗེས། ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ལས་དོན་སྙན་ཞུ་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེར་གོང་འཕེལ་མྱུར་པོ་འགྲོ་བ་དང་དམག་འཐབ་ཀྱི་རྣམ་པར་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད་པས། དྲ་བའི་ཆ་འཕྲིན་མ་ལག་གིས་དེང་རབས་དམག་འཐབ་ཁྲོད་བཟུང་བའི་གནས་བབ་ཉིན་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་དང་ཐོག་ནི་འཐབ་འཛིང་དཔུང་སྡེ་ཞིག་ཡིན་པས། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་ལ་རྒྱལ་ཁ་ལེན་པའི་མཐོ་ཚད་ཐོག་ནས་དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱེད་པའི་ཚད་མཐོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲིར་ངོས་འཛིན་གསལ་པོ་ཡོང་བ་བྱས་ཏེ། དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་དང་དམག་གྲབས་དམག་རྒྱག་ལ་ཞབས་ཞུ་དང་འདེགས་སྐྱོར་བྱེད་པའི་ནུས་པ་གང་མགྱོགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མཉམ་སྐྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་། གོང་འཕེལ་གྱི་རྣམ་པ་གསར་གཏོད། འཚོལ་ཞིབ་ལག་ལེན་ཧུར་ཐག་བྱེད་པ། དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱ་དགོས། དམག་རྒྱག་ཐུབ་པ་དང་དམག་ལ་རྒྱལ་ཁ་ལེན་པར་དམིགས་པ་དང་། ཆ་འཕྲིན་ཞབས་ཞུའི་འགན་སྲུང་བྱེད་ཐབས་ལེགས་འགྱུར་བྱེད་པ། བརྟན་ལ་མྱུར་བའི་ངང་དྲ་བའི་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་འཛུགས་པར་སྐུལ་འདེད་གཏོང་བ། གྲངས་གཞིའི་ཆ་འཕྲིན་སྣ་ཚོགས་མཉམ་འདྲེས་བཀོལ་སྤྱོད་ཡག་པོ་བྱེད་པ། དྲ་བའི་ཆ་འཕྲིན་གྱི་བདེ་འཇགས་འགོག་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། མ་ལག་མཉམ་འདྲེས་དང་། མ་ལག་ནུས་སྦྱིན། མ་ལག་ནུས་སྤྲོད་བཅས་བྱེད་མགྱོགས་སུ་གཏོང་བ། བཀོད་འདོམས་རྣམ་པ་གསར་གཏོད་དང་དམག་འཐབ་རྣམ་པ་བསྒྱུར་བཅོས་ལ་ཁྲིད་སྟོན་བྱེད་དགོས། བསྒྱུར་བཅོས་ཀྱི་ལས་འགན་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ལས་ཀའི་འཁོར་རྒྱུག་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ལམ་ལུགས་ཆ་སྦྱོར་དང་འཐུས་ཚང་བཟོ་བ། མཉམ་སྐྲུན་དང་། མཉམ་བཀོལ། མཉམ་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་དེ། དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ནི་ཐོག་མར་གསར་གཏོད་བྱེད་པའི་དུས་སུ་གནས་ཡོད་པས་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱས་ཏེ་དཔུང་སྡེའི་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། བསམ་བློའི་རྩ་བའི་གནད་དོན་དམ་འཛིན་བྱས་ནས་བསམ་བློ་ཀུན་སྤྱོད་དག་ཐེར་གཏིང་ཟབ་བྱེད་པ། སྤྱོད་ཚུལ་དང་སྒྲིག་ལམ་ནན་པོ་དང་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ། དཔུང་སྡེ་དེ་རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་བར་འགན་ལེན་བྱེད་དགོས། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་སྐབས་དང་པོའི་ཏང་ཨུད་ཀྱིས་ལས་གཏོད་ཀྱི་འདུ་ཤེས་དང་གསར་འབྱེད་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ་ལས་ཐོག་དང་པོ་དང་འགན་འཁྲི་དང་པོ་ལེགས་པར་འཁུར་ནས་རིམ་ཁག་ཏང་ཨུད་ཀྱི་ཚན་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱེད་པ་དང་། འཐབ་ས་དང་པོའི་བཀོད་འདོམས་པུའུ་དང་འཐབ་ས་དང་པོའི་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་འཛུགས་སྐྱོང་དམ་འཛིན་གྱི་འདུ་ཤེས་ལག་བསྟར་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དྲ་བའི་ཆ་འཕྲིན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་དགོས། གནད་སྨིན་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན། རིགས་དབྱེའི་མཛུབ་ཁྲིད་ལ་སྣང་ཆེན། གཞི་རིམ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་དཔུང་སྡེའི་ཚད་ལྡན་སྒྲིག་ལམ་དང་བདེ་འཇགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་དབྱང་དམག་ཨུད་ཀྱིས་གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་མདུན་དུ་བསྐྱོད་ནས་མཛུབ་ཁྲིད་བྱེད་པ། ཚན་པ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བཅས་བྱས་ཐོག ཐུན་མོང་ཐོག་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་སྐྱོང་ཡག་པོ་བྱས་ནས། རང་རེའི་དམག་དཔུང་གི་དྲ་བའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་པའི་ནན་སྟོན་གནང་བ་རེད།
ཀྲང་ཡིའུ་ཞ་དང་། ཧོ་ཝེ་ཏུང་། ལིའུ་ཀྲེན་ལི། ཀྲང་ཧྲེང་མིང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ཐེག་པ་ཁུར་ལེན་ཕོད་པ་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདིའི་ཨ་རབ་ཡི་གེའི་པར་མ་བཀྲམ། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་གསུང་བཤད་གལ་ཆེན་གནང་།