ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཐོག བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟ་ཁུལ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུ་འགན་ལེན་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གནས་ཚད་ལ་དམ་པོར་དམིགས་ནས། འགག་སྒོའི་ཁྲལ་སྡོམ་ལས་གཉེར་མ་བྱས་གོང་དང་བྱས་པའི་རྗེས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། མུ་མཐུད་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད། འགག་གཏོར་དཀའ་སེལ་དང་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་ཁྲིད་སྟོན་བྱེད་པའི་གནས་གལ་ཆེན་ཞིག་ཏུ་གཏོད་གང་ཐུབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧའེ་ནན་གྱི་ལེའུ་ཧུར་ཐག་ངང་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཟླ ༡༢ ཚེས ༡༧ ཉིན་གྱི་ཕྱི་དྲོ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཡོད། ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྥེང་ཧྥེ་ཡིས་སྙན་སེང་ཞུས་པ་དང་། ཞིང་ཆེན་གྱི་འགོ་འཛིན་ལིའུ་ཞའོ་མིང་སོགས་སྙན་སེང་ཚོགས་འདུར་ཞུགས་ཡོད།
སྙན་སེང་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་ཧའེ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད།
ཞི་ཅིན་ཕིང་གིས། ཧའེ་ནན་གྱི་ཁྱད་ཆོས་དང་བཟང་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་ཤུགས་རྒྱག་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་ལས་ཕྱོད་མཐོ་བའི་ཞིང་ལས་སོགས་གཙོ་ཁྲིད་ཐོན་ལས་ཀྱི་སྦྲེལ་ཐག་གསབ་མཐུད་དང་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་སྒུལ་ངང་འབྲེལ་མཐུད་བྱེད་པ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྔར་བས་སྒོ་དབྱེའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལམ་སྲོལ་འཛུགས་པ། རིམ་པ་མང་བའི་ཚན་རྩལ་གསར་གཏོད་མ་ལག་གཏོད་པ། ལྟེ་བའི་ལག་རྩལ་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། སྣོད་བཅུད་སྔོན་ལ་འཇོག་རྒྱུ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མངོན་གསལ་དོད་པོའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནམ་སྔོན་པོ་དང་ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། རིག་གནས་དང་ལུས་རྩལ། ཡུལ་སྐོར། ཁམས་གསོ་སོགས་ཀྱི་ཐོན་ལས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་བཏང་ནས། ཡུལ་སྐོར་ལས་རིགས་སྒོ་འབྱེད་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྣམ་པ་གསར་པའི་འཛད་སྤྱོད་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། འཛད་སྤྱོད་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། སྐམ་མཚོར་གཅིག་གྱུར་འཆར་འགོད་དང་རི་མཚོ་མཉམ་འགུལ། ཐོན་ཁུངས་རྒྱུན་འཁོར་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་མཚོའི་གསར་སྤེལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱ་མཚོ་ནས་ཐོན་སྐྱེད་ནུས་ཤུགས་ལེན་པ་དང་འཕར་གཞི་གསར་པ་འཚོལ་གཉེར་བཅས་བྱས་ཏེ། རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱབ་ཁོངས་གཙོ་བོའི་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་དམིགས་ཐོག སྒོ་འབྱེད་ཀྱི་མྱུར་ཚད་དང་གོམ་སྟབས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་ཡག་པོ་བྱེད་དགོས། ཉོ་ཚོང་དང་མ་འཇོག མངའ་ཁོངས་བརྒལ་བའི་མ་དངུལ་འཁོར་རྒྱུག མི་སྣ་འགྲོ་འོང་། སྐྱེལ་འདྲེན་འགྲོ་འོང་བཅས་རང་དབང་སྟབས་བདེ་དང་གྲངས་གཞི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་གཅིག་སྡུད་བྱས་ཏེ། རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་དཔེ་བསྡུར་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། རིགས་ཁག་གི་སྒོ་འབྱེད་སྟེགས་བུ་དངོས་སུ་གཏོད་པ་དང་ལེགས་སུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་གྱི་རང་མོས་ཉོ་ཚོང་གླིང་ཁུལ་དང་སྤེལ་རེས་མཉམ་ལས་དང་བྱེད་ནུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་དགོས། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་དང་མཉམ་འགུལ་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་ས་ཁོངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་པོའི་སྒོ་ནས་བསྒྲུབས་ཏེ། འགག་སྒོའི་ཁྲལ་སྡོམ་ལས་གཉེར་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། གྲོང་མིའི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་རྒྱ་ཆེར་བྱེད་པ་བཅས་བྱས་ཏེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་གོང་མཐོར་གཏོང་ཐུབ་པ་བྱེད་དགོས། ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས། རྒྱ་མཚོའི་རིག་གནས། དམངས་སྲོལ་རིག་གནས་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱས་ནས། རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཐོན་ལས་གོང་སྤེལ་དང་སྟོབས་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྲོལ་སྒྱུར་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་བཅོས་སྒྲིག་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐིལ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་ཁྱབ་སྟངས་གཅིག་གྱུར་འཆར་འགོད་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། དབུལ་གྲོལ་ཐུབ་པའི་མི་ཚོགས་ཀྱི་རོགས་སྐྱོར་ཕན་འབྲས་ཐོན་ཚད་ཆེ་རུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་སྲུང་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། གནོད་འཚེ་སེལ་རྒྱུ་བཅས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚབས་ཆེའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་འཇོམས་བྱས་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་སར་གོང་སྤེལ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་ཡོ་སྲང་ལ་སྐུལ་འདེད་གཏོང་བ། རྒྱ་ཆེའི་ལས་བྱེད་པས་མུ་མཐུད་གཞན་གྱི་སྔོན་ལ་ཚོད་ལྟ་བྱེད་ཕོད་པ་དང་གཞན་གྱི་སྔོན་ལ་མཆོངས་ཕོད་པ། དཀའ་སྤྱད་ལས་སྒྲུབ་བྱེད་ཕོད་པ་བཅས་ཀྱི་དམིགས་བསལ་ཁུལ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་ལྕག་བྱེད་པ། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་དེ་ལག་ལེན་བསྟར་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་ནས། རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་མེད་པ་བཟོ་དགོས། དབང་ཆ་སྤྱོད་པར་གཅུན་སྡོམ་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལས་བྱེད་པས་རུལ་འགོག་འགྱུར་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཟའ་འབྲུ་དང་ཚལ་རིགས་སོགས་དམངས་འཚོའི་འགན་སྲུང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དངོས་ཟོག་དང་ནུས་རྒྱུ་སོགས་མཁོ་སྤྲོད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས། དུས་སང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། ལོ་གསར་པའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་སེང་ཚོགས་འདུར་ཕེབས་ཡོད།
ཧོ་ལི་ཧྥེང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད།།