ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༦ ཉིན་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས། སློབ་གསོའི་ལས་རིགས་བཅས་ཀྱི་ཨུ་ཡོན་དང་ཐུག་འཕྲད་གནང་བ་མ་ཟད། ཚོགས་ཆུང་མཉམ་འབྲེལ་གྱི་ཚོགས་འདུའི་ནང་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཐད་ཀྱི་དགོས་མཁོ་ངེས་པར་དུ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཐོག སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། ཤེས་ལྡན་མི་སྣ་འབོར་ཆེན་ཐོན་ཐུབ་པ་དང་ཁྱད་རྩལ་གང་ཡོད་ངོམས་ཐུབ་པ། ཡོན་ཏན་ཇི་ཡོད་སྤྱོད་ཐུབ་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཐུག་འཕྲད་དང་གྲོས་བསྡུར་ནང་ཞུགས་པ་རེད།
གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཞི་ཅིན་ཕིང་གིས། གནངས་ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། གོ་སྐབས་འདི་དང་བསྟུན་ནས། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཚོགས་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོག ཀྲང་ཡུན་ཁའེ་དང་། ཚའེ་ཀོང་ཅེ། ཀྲེང་ཅ་ཅན། ཞུས་ཁུན། ཚུའེ་ཡ་ལི། མ་ཅིན་ལིན་སོགས་ཨུ་ཡོན་དྲུག ༦ གིས་ལས་རིགས་སློབ་གསོ་དང་ས་ཁོངས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་འབྱུང་ཁམས་གཏོད་པ། རྒྱལ་ཁབ་ཀྱི་སློབ་གསོའི་རིག་སྦྲེལ་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་འཕེལ་རྒྱས་གཏོང་བ། སློབ་གྲྭའི་སློབ་ཚན་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཚང་མ་དང་མཉམ་དུ་གྲོས་བསྡུར་བྱ་རྒྱུ་བྱུང་བ་དང་། བསམ་འཆར་དང་གྲོས་འགོ་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། ཚོགས་ཞུགས་ཨུ་ཡོན་ལྷན་རྒྱས་དང་། དེ་བཞིན་རྒྱ་ཆེའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་ཁོངས་མི་དང་སློབ་གསོའི་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་། མི་དམངས་སྲིད་གྲོས་ཀྱིས་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་རྣམས་ཀྱིས་ལྟེ་བའི་ལས་དོན་ལ་དམིགས་ཏེ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ནང་ཞུགས་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱ་ཆེའི་སློབ་གསོའི་ལས་རིགས་ཀྱི་མི་སྣ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། གསོ་སྐྱོང་ལྔར་མཐོང་ཆེ་མཉམ་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་བླ་སྲོག་གཏོད་པ་དང་མི་གསོ་སྐྱོང་བྱ་རྒྱུར་དམིགས་ནས། ཀུན་སྤྱོད་སློབ་གསོ་དེ་ཉིད་ཤེས་རིག་སློབ་གསོ་དང་། ལུས་རྩལ་སློབ་གསོ། མཛེས་རྩལ་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་གཉིས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་དང་སློབ་ཚན་བསམ་བློ་ཆབ་སྲིད་ཡོང་བ་གཉིས་ཕྱོགས་གཅིག་ཏུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཁང་ཆུང་བ་དང་སྤྱི་ཚོགས་ཀྱི་སློབ་ཁང་ཆེ་བ་གཉིས་མཉམ་འདྲེས་ནུས་ལྡན་ཐུབ་པ་བཅས་བྱས་ཏེ། ཀུན་སྤྱོད་སློབ་གསོའི་ལས་དོན་དེ་སྔར་ལས་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པ་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་རྩ་བ་དེ་སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་ཡོད། ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་མ་ལག་གཏན་འཁེལ་བྱས་ནས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱ་དགོས། སློབ་གྲྭའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭའི་སློབ་གཉེར་གྱི་རང་བདག་དབང་ཆ་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་སློབ་སྐྱོང་དང་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་དགོས་མཁོར་དམིགས་པ་དང་། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་དང་འཚམ་པར་བྱེད་པ། རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྲིད་གཞུང་གི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྔར་ལས་ལུགས་མཐུན་དང་ཕན་ནུས་ཆེ་བའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གཉིས་མཉམ་འགུལ་བཟང་པོ་ཡོང་བ་བྱེད་པར་སློབ་གསོས་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་སྔར་ལས་ལྷག་པ་འདོན་དགོས། རྨང་གཞིའི་རིག་ཚན་དང་སྣོལ་སྡེབ་རིག་ཚན་གྱི་ཚད་བརྒལ་འཆར་གཞི་ལག་བསྟར་ཡག་པོ་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་དང་ས་གནས་ཀྱི་མཉམ་འབྲེལ་གསར་གཏོད་སྟེགས་བུ་བསྐྲུན་ནས། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བར་འཚམ་མཐུན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། རིགས་ཁག་དང་རིམ་པ་ཁག་གི་ཤེས་ལྡན་མི་སྣ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་ཏུ་བྱས་ཏེ། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱ་ཆེའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་ཁོངས་མི་དང་སློབ་གསོའི་ལས་རིགས་ཀྱི་མི་སྣས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཤིང་། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་གཞི་ལམ་སྲོལ་གཞི་གཅིག་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད།
ཧྲི་ཐའེ་ཧྥེང་དང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥེང་། ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲི། ཝང་ཀོང་ཆན། ཀྲུའུ་ཡུང་ཤིན་སོགས་ཚོགས་ཆུང་མཉམ་འབྲེལ་གྱི་ཚོགས་འདུར་ཞུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནའར་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།