གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧོ་ནན་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས་: 2025ལོ་05ཟླ་22ཚེས་ 11:48 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཧོ་ནན་དུ་རྟོག་ཞིབ་གནང་རིང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ཧོ་ནན་གྱིས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་དང་། རྨ་ཆུ་རྒྱུག་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་། དེ་བཞིན་སྤུས་མཐོའི་གོང་འཕེལ་སོགས་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག སྤུས་མཐོའི་གོང་འཕེལ་དང་ནུས་འབྲས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་ཡོན་ས་གཞི་ཆེན་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་འབད་པས་རྩོམ་འབྲི་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ཐོག བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། སྤུས་མཐོའི་གོང་འཕེལ་གྱིས་རྣམ་པ་གསར་པ་གཏོད་པ་དང་ནུས་འབྲས་ཆེ་བའི་བཅོས་སྐྱོང་ལ་ཕན་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་དེ་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་རེད། ཀུང་སི་དེ་ནི་དེ་སྔ་ལོ་ལྔ་ཚན་གྱི་འཆར་འགོད་དང་པོའི་རིང་བསྐྲུན་པའི་ལུའོ་དབྱང་འཁོར་རྟེན་བཟོ་གྲྭ་ཡིན་ཞིང་། ད་ལྟའི་བར་ཀྲུང་གོའི་འཁོར་རྟེན་ལས་རིགས་ཀྱི་ཟིན་ཐོ་མང་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གཙོ་བོ་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་གནང་ཡོད། ཁོང་གིས་ལས་བཟོ་པ་ཚོས་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁེ་ལས་གོང་འཕེལ་གཏོང་བའི་ཁྲོད་ནུས་པ་གང་ཡོད་འདོན་པ་དང་བྱས་རྗེས་གང་མང་འཇོག་རྒྱུའི་སྐུལ་ལྕག་གནང་ཡོད།

ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོ་པ་ཧྲོའེ་ཀྲེང་དབྱི་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་གཞོན་ནུ་ཚོར་ཐུགས་རེ་ཆེན་པོ་བཅོལ་གནང་ཡོད། ངས་འབད་བརྩོན་ཆེན་པོས་རང་ཉིད་ཀྱི་ཆེད་ལས་ཤེས་བྱའི་ཆུ་ཚད་མཐོ་རུ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་བསྣན་རྒྱུ་དང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཡུས་ཧའེ་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད། ང་ཚོས་གསར་གཏོད་ཀྱིས་ཁྲིད་སྟོན་བྱས་ཐོག མཚོ་ཐོག་རླུང་གློག་དང་མྱུར་བགྲོད་ལྕགས་ལམ། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ནུས་རིམ་མཐོ་བའི་འཁོར་རྟེན་རིག་ལྡན་ཐོན་སྐྱེད་མ་ལག་འཛུགས་མགྱོགས་སུ་བཏང་ནས། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

པའེ་མ་དགོན་ནི་ཧན་རྒྱལ་རབས་ཤར་མའི་དུས་སུ་ཕྱག་བཏབ་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་ཚུལ་དང་དགོན་པའི་རིག་དངོས་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་རྦད་དེ་ཡང་དག་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་བྱུང་ཟིན། ཆོས་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་མཉམ་འདྲེས་ཡོང་བ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད།

ཧོ་ནན་ལུའོ་དབྱང་པའེ་མ་དགོན་གྱི་དགེ་བསྐོས་མིའོ་ཐུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་གཏིང་ཟབ་ཡག་པོ་བྱེད་པ། དགེ་འདུན་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ལོ ༡༥༠༠ ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ལུང་མོན་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པ་དང་། ད་ཡོད་ཨང་སྒྲིག་བྲག་ཕུག ༢༣༤༥ དང་། སྐུ་འདྲ་སྣ་ཚོགས་ཁྲི ༡༡ རྡོ་རིང་ཡི་གེ ༢༨༠༠ ལྷག་ཙམ་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས་བྲག་ཕུག་གི་ཁྱོན་ཡོངས་བཀོད་པ་དང་མཚོན་བྱེད་རང་བཞིན་གྱི་བྲག་ཕུག་དང་སྐུ་འདྲར་གཟིགས་ཞིབ་གནང་ཡོད། ཡུལ་སྐོར་བ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་དགའ་སྤྲོ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་གཅིག་རྗེས་གཉིས་མཐུད་ངང་འཚམས་འདྲི་ཞུས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་ས་ཐོག་གི་རིག་དངོས་སྲུང་སྐྱོང་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཁོང་གིས། ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་དེ་དག་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ། ཁྱབ་སྤེལ་ཡག་པོ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ལུང་མོན་བྲག་ཕུག་ཞིབ་འཇུག་གླིང་བྲག་ཕུག་སྲུང་སྐྱོབ་ཞིབ་འཇུག་དང་ཤུལ་བཞག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མ་ཁྲའོ་ལུང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་རྒྱུན་གཏན་གྱི་ལས་ཀའི་ནང་དོན་དང་འཕྲད་པའི་དཀའ་ངལ་སྐོར་བཀའ་འདྲི་གནང་བྱུང་། ཁོང་གིས་བྲག་ཕུག་སྲུང་སྐྱོབ་ཀྱི་ཞིབ་ཕྲའི་གནས་ཚུལ་ཚང་མར་ཐུགས་ཁུར་ཆེན་པོ་གནང་གི་འདུག ང་ཚོའི་ཚོགས་པས་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་སྲུང་སྐྱོབ་དང་རྒྱུན་འཛིན། ཁྱབ་སྤེལ་བཅས་བྱ་ཆེད་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་ཕུལ་ནས། དུས་རབས་གསར་པའི་ནང་ལུང་མོན་བྲག་ཕུག་ལ་དེ་བས་ཡིད་དབང་འཕྲོག་པའི་བཀྲག་མདངས་འཚེར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་མདུན་ལམ་རྒྱ་ཆེན་པོ་ཡོད་པས། རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀ་རྟེན་ཐོན་ལས་དང དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་དངོས་སུ་གཏོད་དགོས་ཞེས་བསྟན་གནང་ཡོད།

ལུའོ་དབྱང་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ལི་དབྱི་ཞོན་གྱིས། ད་ཆ་རིག་གནས་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་དང་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་འགྲོ་མཁན་ས་གནས་ཁག་ཏུ་ཧ་ཅང་མང་པོ་ཡོད། འདི་གར་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་ཡོང་བསམ་པ་མ་བྱུང་། དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། སྤྱི་ཁྱབ་ཧྲུའུ་ཅིས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་ཡང་ང་རང་ལ་མྱོང་ཚོར་ཟབ་མོ་བྱུང་། ཉེ་བའི་ལོ་ཤས་རིང་། རང་རེའི་རྒྱལ་ཁབ་ཀྱི་རིག་གནས་ཀྱི་ལྡེམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེས་ཀྱང་ང་ཚོའི་རིག་གནས་ཀྱི་བློ་སྤོབས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་གོང་འཕེལ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་ཡིན། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་ཞེས་བསྟན་གནང་ཡོད། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་ནས་རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། དེ་ནས་གཙོ་གནད་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་བར། སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་གི་ཧོ་ནན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཧོ་ནན་ཞིང་ཆེན་གོང་འཕེལ་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་མ་ཅན་གྱིས། ང་ཚོས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་དང་། རྨ་ཆུའི་རྒྱུག་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་། དེ་བཞིན་སྤུས་ཚད་མཐོ་བའི་གོང་འཕེལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཧོ་ནན་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧོ་ནན་གྱི་མི་ཚོགས་ཀྱི་སྤྱི་འབོར་དང་། མི་ཚོགས་འདུས་ཚད། མི་ཚོགས་ཀྱི་འགུལ་ཚད་བཅས་ཆེན་པོ་ཡོད་པས། ངེས་པར་དུ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད། མིག་སྔའི་ཆར། ཧོ་ནན་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཤམ་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཞིང་ཆེན་དེ་ཡོངས་ཀྱི་སྡེ་ཁུལ ༥༢༠༠ ཚང་མར་ཆེད་བསྐོས་སམ་ལས་འགན་གཅིག་ལྕོགས་སུ་འཁུར་མཁན་དྲ་མིག་དོ་དམ་པ་ཁྲི ༥༠ ལྷག་བཀོད་སྒྲིག་བྱས་པ་དང་། སྤྱི་ཚོགས་སྒྲིག་འཛུགས་ཁྲི ༤.༩ དང་དང་བླངས་པ་ཁྲི ༡༤༠༠ གཞི་རིམ་བཅོས་སྐྱོང་ནང་ཞུགས་བཞིན་ཡོད།

ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་ཀྲུང་ཡོན་ཁུལ་ཧོ་ནན་ཧྥེང་ཅི་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཀྲང་ཧྥང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་ཅིང་། འབྱུང་འགྱུར་ང་ཚོས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ནུས་ཕྱོད་ཆེན་པོ་ཡོང་བར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀར་ཧུར་ཐག་གཞོལ་བ། སྲ་ཞིང་བརྟན་པའི་སྒར་ས་བསྐྲུན་པ་བརྒྱུད། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་དེ་བས་ཆེ་རུ་འགྲོ་བ་བྱེད་པ་དང་། ཏང་སེམས་དང་དམངས་སེམས་དེ་བས་གཅིག་མཐུན་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་གནས་ཀྱི་བྱེད་སྟངས་ཤིག་ཡིན་ལ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་ནན་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་ཡིན། སློབ་སྦྱོང་དང་ཞིབ་འཇུག་བསྒྱུར་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་དྲག་ལྡན་པ། བསྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བཅས་འགན་ལེན་བྱ་དགོས་ཞེས་བསྟན་གནང་ཡོད།

ཧོ་ནན་ཞིང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་སུའུ་ཁྲང་ཆིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། ནན་སྐྱོང་དང་བདེན་སྐྱོང་ཐད་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སྤྱོད་ཚུལ་བཟང་པོའི་བླང་བྱ་དེ་བྱ་ཐབས་དངོས་ལ་འགྱུར་བར་བྱེད་པ་བརྒྱུད། སྒྲིག་ལམ་ནན་པོ་མུ་མཐུད་ལག་ལེན་བསྟར་བ་དང་། ཏང་ཡོན་ལས་བྱེད་པར་སྒྲིག་ལམ་སྲུང་བའི་བྱ་སྤྱོད་ཀྱི་རང་རྟོགས་གོམས་གཤིས་སུ་འཇགས་པར་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྤུས་མཐོའི་གོང་འཕེལ་གྱི་རྣམ་པ་གསར་རྐྱང་ཞིག་གཏོད་དགོས་ཞེས་གསུངས་ཡོད།

ད་ལོ་ཚུན་དུ་རང་རྒྱལ་གྱི་ས་ཆ་འགའ་ཤས་སུ་ཐན་པ་བསྟན་པའི་གནས་ཚུལ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཆུ་བཀོལ་སྤྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཆུ་མཁོ་འདོན་དང་ཞིང་ཆུ་འདྲེན་པའི་དགོས་མཁོར་འགན་ལེན་བྱེད་དགོས། ཐན་པ་ཡོད་ན་ཞོད་སྐྱོན་འབྱུང་སྲིད་པས། ཐན་ཞོད་འགྱུར་བ་མགྱོགས་པོ་འགྲོ་རྒྱུར་སྔོན་འགོག་ནན་པོ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ས་གནས་ཁག་གིས་ཐན་པ་བསྟན་པའི་གནས་ཚུལ་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་ཆབས་ཅིག འབྲུབ་འགོག་ཞོད་འགོག་གི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པ་བརྒྱུད། སྔོན་ཇུས་ཡག་པོ་ཞིག་འདིང་ཐུབ་པའི་འགན་ལེན་བྱེད་དགོས།

ཧྲའན་ཞི་ཞིང་ཆེན་ཝེ་ནན་གྲོང་ཁྱེར་ཆུ་དང་ཐན་པའི་གནོད་འཚེ་སྔོན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་ཡང་པིན་ལུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་བཀོལ་སྤྱོད་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་ཆུ་གཏོང་ཁུལ་ཆེ་འབྲིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔྱིད་དུས་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་ཐེངས་གྲངས་ཁྲི ༥༤༣ ཟིན་ཡོད་ཅིང་། མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་སྔོན་ལ་འགན་ལེན་བྱས་པ་དང་ཆབས་ཅིག ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡ། མངོན་མེད་རྐྱེན་ངན་ལེབ་བཤེར་དང་བཅོས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། འབྲུབ་འགོག་ཐན་འགོག་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་ཟམ་མི་ཆད་པར་གཏོང་བཞིན་ཡོད་ཅེས་གསུངས་ཡོད།

ཀན་སུའུ་ཞིང་ཆེན་ཆིང་ཡང་གྲོང་ཁྱེར་ཧྭ་ཁྲེ་རྫོང་ཆུ་བེད་འཛུགས་སྐྲུན་དོ་དམ་ས་ཚིགས་ཀྱི་འགོ་འཛིན་ཧོ་ཝེན་ཅུན་གྱིས། མིག་སྔའི་ཆར་ང་ཚོས་གྲབས་སྤྱོད་ཆུ་ཁུངས་སྤྱོད་འགོ་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་ལས་དང་འཕྲལ་སྒྲུབ་སོགས་ཚན་པ་དང་ལྷན་དུ་ཐན་པ་བསྟན་པའི་ཞིང་ཁུལ་གྱི་ལོ་ཏོག་འདེབས་དགོས་རིགས་ཚང་མ་འདེབས་དགོས་པ་དང་ཞིང་ཆུ་སོགས་ཐབས་ཤེས་བཏང་ནས་ལོ་ཏོག་སྲུང་དགོས་རིགས་ཚང་མ་སྲུང་ཐུབ་པར་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབྲུབ་འགོག་གནོད་སེལ་སྔོན་ཇུས་སྔར་བས་ཞིབ་ཅིང་ཕྲ་བ་བཟོ་བ་དང་། ཐན་ཞོད་འགྱུར་བ་མགྱོགས་པོ་འགྲོ་བ་དེས་མང་ཚོགས་དང་ཞིང་ལས་ཐོན་སྐྱེད་ལ་གྱོང་གུན་མི་ཐེབས་པ་བྱ་རྒྱུའི་ལས་དོན་དོ་ནན་པོས་བསྒྲུབ་རྒྱུ་ཡིན་ཞེས་གསུངས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ཚོགས་འདུ་འདིའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ། ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་པ། ཞི་ཅིན་ཕིང་ནས་ཀ་ཕོང་གི་གསར་འདེམས་ཙུང་ཐུང་ལ་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་དང་སུའུ་ལིན་ནས་མཇལ་མོལ་གནང་བ།