དུས་རབས་གསར་པ་ནི་འགན་འཁྲི་ཕྲག་ཏུ་ཁུར་ནས་གཞོན་ནུའི་འཇོན་ཐང་ངོམས་པའི་དུས་རབས་ཤིག་རེད། ང་ཚོའི་འཁྲིས་སུ་ཕུགས་བསམ་ཡོད་པ་དང་། འཇོན་ཐང་ཡོད་པ། འགན་འཁྲི་འཁུར་ཕོད་པའི་དུས་རབས་གསར་པའི་གཞོན་ནུ་མང་པོ་མཐོང་རྒྱུ་ཡོད་ཅིང་། ཁོ་ཚོས་བོད་ལྗོངས་ཀྱི་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན་དང་འདོན་བཞིན་ཡོད། ཉི་མ་སྲི་ཆོད་ནི་བོད་ལྗོངས་རྣམ་གླིང་རྫོང་ནས་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དོན་འཁྱོལ་བྱེད་བཞིན་ཡོད།
སྤྱི་ལོ ༢༠༠༩ ལོར། ཉི་མ་སྲི་ཆོད་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ཏང་གི་གསོ་སྐྱོང་འོག སྔ་རྗེས་སུ་རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་ཀྲུའུ་རེན་དང་། རྣམ་གླིང་རྫོང་ངལ་ནུས་ཕྱིར་གཏོང་ཀུང་སིའི་སྤྱི་ཁྱབ་གཉེར་སྐྱོང་པ། རྣམ་གླིང་རྫོང་གནས་མཆོག་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་སོགས་ཀྱི་འགན་བཞེས་ཤིང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕྲག་ཐོག་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།
སྤྱི་ལོ ༢༠༡༡ ལོའི་ལོ་མཇུག་ཏུ། གྲོང་ཚོའི་ལས་བྱེད་དཔུང་ཁག་འདེམས་བསྐོ་བྱེད་པའི་སྐབས། གྲོང་མི་ཚོས་མ་གྲོས་གཅིག་མཐུན་གྱིས་ན་གཞོན་འཇོན་ཐང་ཅན་ཉི་མ་སྲི་ཆོད་གྲོང་ཚོའི་ཀྲུའུ་རེན་ལ་བདམས་པ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་འགན་འཁྲི་ལྕི་མོ་ཕྲག་ཐོག་ཏུ་བབས་ཡོད། སྐབས་དེ་དུས་ཀྱི་རི་སྔོན་གྲོང་ཚོ་ནི་རྣམ་གླིང་རྫོང་དུ་སྐད་གྲགས་ཡོད་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན་ཞིང་། ཡུན་རིང་ནང་། རྫོང་གྲོང་གི་འདབས་སུ་གནས་ཀྱང་། ས་ཞིང་དཀོན་པ་དང་། ཐོན་ལས་མེད་པ། ལག་རྩལ་མེད་པ་སོགས་ཀྱིས་རྐྱེན་པས་གྲོང་ཚོའི་མང་ཚོགས་རྣམས་དབུལ་ཕོངས་ཀྱི་གནས་སུ་ལྷུངས་ཡོད། ཉི་མ་སྲི་ཆོད་ཀྱིས་ལོ་ན་གཞོན་པ་དང་། ཉམས་མྱོང་དབེན་པ་སོགས་པའི་དཀའ་ངལ་ཁྱད་བསད་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། ལག་རྩལ་སློབ་སྦྱོང་། བསམ་བློ་གསར་བརྗེས་བཅས་ལ་བརྟེན་ནས་གྲོང་ཚོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་དང་། མང་ཚོགས་ཀྱི་ཡིད་ཆེས་དང་། བློ་གཏད་བཅོལ་བ་མཐོང་སྐབས་ན་གཞོན་འཇོན་ཐང་ཅན་དེའི་སེམས་ཤུགས་ཀྱང་སྔར་བས་འཕེལ་ནས ༢༠༡༨ ལོར་རི་སྔོན་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། མཛེས་སྡུག་ལྡན་པའི་མ་འོངས་ཀྱི་འཆར་གཞི་བཀོད་ནས་དེ་དག་རེ་རེ་བཞིན་ལག་ལེན་བསྟར་ཡོད།
མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་དང་། ཀུན་གྱིས་ཁས་ལེན་བྱེད་པའི་གྲོང་ཚོའི་ལས་བྱེད་པ་ཞིག་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན། ཉི་མ་སྲི་ཆོད་ཀྱིས་ཐོག་མར་གྲོང་ཚོའི་ནང་སྦྲང་ནོར་བུ་གསོ་རྒྱུའི་གྲོས་འགོ་འདོན་སྐབས་བསམ་བློའི་བཀག་རྒྱ་དང་། དོན་དངོས་ཀྱི་ཉམས་མྱོང་མེད་པས་གྲོས་འགོ་དེར་མོས་མཐུན་བྱེད་མཁན་བྱུང་མེད། འོན་ཀྱང་སྦྲང་ནོར་བུ་གསོས་པའི་དགེ་མཚན་དང་། ཕན་ཡོན་ཤེས་རྟོགས་བྱུང་རྗེས་ཉི་མ་སྲི་ཆོད་མི་སྒེར་གྱིས་མ་དངུལ་བཏང་སྟེ་མི་གཉིས་ནང་སར་སྦྲང་ནོར་བུ་གསོ་བའི་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་བ་མ་ཟད། སྦྲང་ནོར་བུ་གསོ་རྒྱུ་ལེགས་གྲུབ་བྱུང་ནས་ལོ་དང་པོ་དེར་ཡོང་འབབ་སྒོར་ཉིས་འབུམ་ལྔ་ཁྲི་ཟིན་པ་དང་། སྤྱི་ལོ ༢༠༡༨ ལོར་སླེབས་དུས་སྦྲང་བུ་གསོ་ཚགས་བྱས་པ་ལས་ལོར་ཡོང་འབབ་སྒོར་བདུན་འབུམ་ཙམ་ཟིན་ཡོད། ད་ཆ་གྲོང་ཚོའི་མང་ཚོགས་ཚང་མས་སྦྲང་ནོར་བུ་གསོ་འདོད་བྱེད་པ་དང་། དེ་ལྟ་བུ་རང་ཉིད་ནས་གོམ་པ་སྔོན་ལ་སྤོ་བ་དང་། མིག་དཔེ་དངོས་སྟོན་པའི་སྤྱོད་བཟང་ལ་མང་ཚོགས་ཀྱི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད།
བསམ་བློ་མང་ཚོགས་ཀྱི་ཆེད་དུ་གཏོང་བ་དང་། ཕན་པ་མང་ཚོགས་ལ་ཐོབ་པ་བྱེད་པའི་གཤིས་སྤྱོད་བཟང་པོར་གྲོང་ཚོའི་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་མ་ཟད་གོང་རིམ་སྡེ་ཚན་ནས་གཞོན་ནུ་འཇོན་ཐང་ཅན་དེ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔ་རྗེས་སུ་སྐར་མ་དམར་པོ་དམངས་ཕན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། རྣམ་གླིང་རྫོང་ངལ་ནུས་ཕྱིར་གཏོང་ཀུང་སི་སོགས་ཀྱི་འགན་ཁུར་བར་མངགས་ནས་ཏང་གི་བྱ་གཞག་འཕེལ་རྒྱས་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་གནས་ཐོག་བཀོད་སྒྲིག་བྱས་ཡོད།
ཉི་མ་སྲི་ཆོད་ཀྱིས་ཏང་གི་གསོ་སྐྱོང་དང་། ཐུགས་ཁུར་འོག རང་ཉིད་ཀྱིས་སྒྲུབ་པའི་ལས་ལ་རེ་བའི་འབྲས་བཟང་སྨིན་སོང་ལ། གྲོང་ཚོའི་ཀྲུའུ་རེན་དང་། ཀུང་སིའི་འགན་འཁུར་བ་སོགས་ལས་གནས་གལ་ཆེན་ཐོག་བཀོད་སྒྲིག་བྱས་པས་རང་ཉིད་ལ་སྦྱོང་བརྡར་ཡག་པོ་ཐེབས་བྱུང་། དེ་ནི་རང་ཉིད་ལ་གོ་སྐབས་སྤྲད་པ་དང་། ཡིད་ཆེས་བྱས་པ་ཞིག་ཡིན་པས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་དེ་མ་དོར་བར་མུ་མཐུད་རང་ནུས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཉི་མ་སྲི་ཆོད་ཀྱིས་ཁ་ནས་དེ་ལྟར་ཤོད་པ་མ་ཟད་ལག་ལེན་དུའང་དེ་ལྟར་དོན་འཁྱོལ་བྱེད་ཀྱི་ཡོད། ཏང་གི་མཐའ་མཚམས་འཛུགས་སྐྲུན་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ལས་གྲྭ་མང་པོ་ཞིག་ལས་འགོ་ཚུགས་པ་དང་བསྟུན་ནས་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་གི་དགོས་མཁོ་ཡང་ཆེ་རུ་ཕྱིན་ཡོད། ཉི་མ་སྲི་ཆོད་ཀྱིས་གོ་སྐབས་བཟང་པོ་དེ་མཐོང་ནས་སྔ་རྗེས་སུ་ཤངས་ཆུའི་ཆུ་བེད་འགག་རྩའི་ལས་གྲྭ་དང་། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཀྱི་ངལ་ནུས་དགོས་མཁོ་སྐོང་རྒྱུ་དེ་ཀུང་སིའི་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཡོད། མིག་སྔར་རྣམ་གླིང་རྫོང་གི་ངལ་རྩོལ་ནུས་ཤུགས་མི་གྲངས ༡༠༠༠ ལྷག་ཙམ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་ཡོད། སྔོན་དཔག་བྱས་ན་ཀུང་སི་དེས་འདི་ལོ་སྒོར་ཁྲི ༢༠༠༠ ཙམ་གྱི་སྔོ་འགྱུར་རྣམ་གྲངས་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞིང་། མང་ཚོགས་དེ་བས་མང་བ་ཞིག་ལ་ལས་གྲྭ་དེ་ནས་ཕན་པ་ཐོབ་རྒྱུ་ཡིན་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
སྐྱིད་གྲོང་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་ལ་ཕན་འབྲས་ཐོན་པར་བྱས་པ། བྱང་ཐང་ས་གཞི་ཆེ་མོའི་སྟེང་གི་དཔའ་བོར་བསྟོད་པའི་གླུ། ལྗོངས་སྒྲོག་འགྲེལ་ཚོགས་པས་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་སྒྲོག་འགྲེལ་གཏིང་ཟབ་བྱས། ཏང་གི་ལོ་རྒྱུས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱེད་དགོས།