ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྣམ་གླིང་རྫོང་ནས་རླངས་འཁོར་བཏང་སྟེ་སྐར་མ་བཅུ་ཡང་མ་འགོར་བར་ས་ཁྱོན་མུའུ ༡༩༢ ཙམ་ཟིན་པའི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཁྲ་མགོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དེ་མིག་ལམ་དུ་འཆར་ཡོང་། ཐོག་རྩེགས་ཉིས་ལྡན་གྱི་བོད་བཟོའི་ཁང་པ་ཆུང་ཆུང་དག་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོར་གནས་པ་དང་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་རེ་རེ་བཞིན་དུད་ཚང་སོ་སོར་ཤར་གཏོང་ཐུབ་པ་དང་། ཁང་ཐོག་ཏུ་སྐར་ལྔའི་དར་དམར་གསར་པ་དག་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་བསྡད་ཡོད་པའི་འཕྲེལ་འགོ་གྲོང་ཚོའི་གྲོང་མི་རིག་འཛིན་གྱིས་དགའ་སྤྲོའི་ངང་ཁྱིམ་གཞིས་གསར་པར་སྤོས་རྗེས་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་ཏེ་ཅི་ཞིག་སྒྲུབ་ཀྱང་སེམས་ཤུགས་ཆེན་པོ་འདུག་ཅེས་བཤད།
རིག་འཛིན་གྱི་ཁྱིམ་ཚང་གསར་པ་དང་བོད་བཟོའི་ཁྱིམ་ཆས་གསར་རྐྱང་ཡིན་པ་དང་། སྒྲོག་རྩེའི་ཐོག་ཏུ་རླུང་སྐམ་ཚགས་ཤ་དང་སྣུམ་བཙོས་གོ་རེ་སོགས་བསྒྲིགས་ཡོད་པ་དང་། ཉི་གཡབ་ཐོག་མེ་ཏོག་སྔོ་ཐིང་ངེར་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ལས་བདག་པོའི་ཁྱིམ་ཚང་གི་འཚོ་བ་ཕུན་སུམ་ཚོགས་ལ་མཛེས་སྡུག་ལྡན་པ་ཞིག་ཡིན་པ་མངོན་ཞིང་། ལོ་གཅིག་གི་ཡར་སྔོན་དང་བསྡུར་ན་རིག་འཛིན་ཁྱིམ་གྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད།
དེ་རིག་འཛིན་ཁྱིམ་གྱི་མ་གཞི་དེ་རྣམ་གླིང་གྲོང་རྡལ་གྱི་ལུང་ཤུར་ཞིག་ཏུ་བསྡད་ཡོད་པ་དང་། དེ་ནི་དཔེ་མཚོན་གྱི་ཕྱོགས་གཅིག་གི་ས་ཆུས་ཡུལ་དེའི་མི་གསོ་མི་ཐུབ་པའི་ས་ཆ་ཞིག་རེད། རིག་འཛིན་ཁྱིམ་གྱི་ཁང་པ་ནི་ས་ཕག་གི་ཁང་པ་ཞིག་ཡིན་པས་དབྱར་དུས་ཆར་ཆུ་འཛག་པ་དང་དགུན་དུས་གངས་གསོག་ཐེབས་ཀྱིན་ཡོད་ལ། འཐུང་ཆུ་ཐམས་ཅད་ཉེ་འགྲམ་གྱི་གཙང་པོའི་ནང་ནས་འཁུར་དགོས་པ་དང་། འགྲོ་འོང་བྱེད་དཀའ་ལ་ས་ཞིང་ཉུང་བར་བརྟེན་ལོ་གཅིག་གི་ནང་ཡོང་འབབ་ཀྱིས་གཞི་རྩའི་འཚོ་བ་ལས་འཁྱོལ་ཐུབ་ཀྱིན་མེད།
སྤྱི་ལོ ༢༠༡༧ ལོར་གྲོང་རྡལ་ནས་གཏམ་བཟང་ཞིག་གྲགས་པ་སྟེ། དེ་ནི་གནས་སྤོའི་བཀོད་སྒྲིག་ཐད་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཁང་པ་རྒྱག་རྒྱུ་དེ་རེད། སྤྱི་ལོ ༢༠༡༩ ལོའི་ཟླ ༩ པར་རིག་འཛིན་གྱི་ནང་མི་ཚང་མ་ཁང་པ་གསར་པར་སྤོས་པ་དང་གནས་སྤོ་བྱ་ཡུལ་དུ་ཞིང་ཆེན་ལམ་དང་ཐག་ཉེ་པོ་ཡོད། ཁྱིམ་ཚང་གསར་པའི་རྒྱ་ཁྱོན་ཆེ་བ་དང་། ཁང་པ་མང་བ། ཁྱིམ་ཆས་ཆ་ཚང་བ། ཁང་པའི་ཕྱི་ནང་ཚང་མ་ཨར་འདམ་ཡིན་པ་མ་ཟད། ད་དུང་ཆུ་དང་། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་དང་། རྫོང་གྲོང་དང་ཐག་ཉེ་བས་ཕྱིར་གླ་པ་བྱེད་པར་སྐྱོད་སྐབས་ཧ་ཅང་སྟབས་བདེ་པོ་འདུག
དོན་དངོས་ཐོག་རིག་འཛིན་དང་འདྲ་བར་དགའ་པོ་བྱེད་མཁན་ད་དུང་གྲོང་ཚོ་ཡོངས་ཀྱི་དུད་ཚང་ ༢༥༢ ཀྱི་མང་ཚོགས ༩༦༩ ཡོད།
རྣམ་གླིང་གྲོང་རྡལ་འཕྲེང་འགོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ནི་རྣམ་གླིང་རྫོང་གིས་སྤྱི་ལོ ༢༠༡༧ ལོར་ལག་བསྟར་བྱས་པའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས ༥ ཡི་གྲས་ཤིག་ཡིན་པ་དང་། རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ ༢.༦ ལྷག་ཙམ་ཟིན་ཡོད། མིག་སྔར་གནས་སྤོས་དུད་ཚང་ ༢༥༢ ཀྱི་མང་ཚོགས ༩༦༩ ཡོད་པ་དང་། གནས་སྤོ་བྱ་ཡུལ་གཙོ་བོ་རྣམ་གླིང་གྲོང་རྡལ་དང་། རྒྱ་མཚོ་ཤང་། ཕུ་འདམ་ཤང་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་རེད། འཕྲེལ་འགོ་གྲོང་གསར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བཀོད་སྒྲིག་ལག་བསྟར་བྱས་པ་དང་། ཆུ་དང་གློག གཞུང་ལམ་སྲ་འགྱུར་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་དང་། ཁྱིམ་ཚང་གི་རྣམ་པ་གཙོ་བོ་རིགས་གསུམ་དུ་དབྱེ་ཡོད་པ་སྟེ། མི ༣ མན་ནི་སྡོད་ཁང་ཆུང་གྲས་ཡིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ ༡༠༠.༠༦ ཟིན་པ། མི ༤ ནས ༦ བར་དུད་ཚང་འབྲིང་གྲས་ཡིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ ༡༡༥.༨༢ ཟིན་པ། མི ༧ ཡན་ནི་ཁང་ཆེན་ཡིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ ༡༢༤.༡ ཟིན་པ་བཅས་ཡིན། ཞེས་འཕྲེང་འགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་གཡང་གིས་དེ་ལྟར་མཚམས་སྦྱོར་གནང་བ་རེད།
རིག་འཛིན་དང་འདྲ་བར་རྣམ་གླིང་གྲོང་རྡལ་ནས་གནས་སྤོས་ཡོང་བའི་སྤོ་བོ་ཚེ་རིང་གི་ནང་མི་ཚང་མར་ཡང་ཁང་པ་གསར་པ་ཞིག་ཡོད་པ་དང་། ད་ཆ་ཁང་པ་གསར་པ་ཡོད་པ་དང་བྱིས་པ་སློབ་གྲྭར་སྐྱོད་པར་སྟབས་བདེ་རུ་ཕྱིན་པས་ང་ཚོས་ཀྱང་ཚོང་ཙག་ཙིག་རྒྱག་རྩིས་ཡོད་ཅེས་བཤད།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པར་གནས་སྤོས་མང་ཚོགས་རྣམས་ཁང་པ་ཡག་པོ་ཞིག་ཏུ་སྡོད་ཐུབ་པ་བྱེད་དགོས་པ་མ་ཟད། ད་དུང་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས།
གནས་སྤོས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། འཕྲེལ་འགོ་གྲོང་ཚོའི་སྤྱི་པའི་སྒྲིག་བཀོད་ཀྱི་ལེ་ལག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི ༢༩༦༢.༤༨ བཏང་ནས་ཆུ་གློག་ལམ་འཕྲིན་དང་ཚན་སློབ་རིག་འཕྲོད་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི ༢༢༥.༧ བཏང་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ ༣༤༢.༨༢ ཟིན་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་པ། མ་དངུལ་སྒོར་ཁྲི ༣༢༠ བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ ༣༢༡༡.༥༡ ཟིན་པའི་གྲོང་ཚོའི་བུ་བཅོལ་ཁང་བསྐྲུན་ནས་གནས་སྤོས་གྲོང་ཚོའི་བྱིས་པའི་སློབ་གསོའི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་པ་རེད། འཕྲེལ་འགོ་གྲོང་ཚོའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་གནས་ཡུལ་འདེམས་ཟིན་པ་དང་། མ་དངུལ་སྒོར་ཁྲི ༢༩༠ བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ ༥༠༠ ཟིན་པ་དེ་བསྐྲུན་ཚར་རྗེས་དེ་མཚུངས་ཀྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་སྨན་པ ༣ ནས ༥ བར་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱིས་སྨན་བཅོས་སྟབས་བདེ་ཡོང་བར་འགན་སྲུང་བྱས་ཡོད། དེ་སྔ་འཚོ་བ་ཡག་པོ་དེ་འདྲ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ད་ཆ་འཚོ་བ་དེ་འདྲ་མིག་མདུན་དུ་ཡོད། ད་ཆའི་འཚོ་བའི་སྐོར་གླེང་སྐབས་རྣམ་གླིང་གྲོང་རྡལ་ནས་དེ་གར་གནས་སྤོ་བྱས་པའི་གྲོང་མི་ཚེ་རིང་དབང་འདུས་དགོད་བཞིན་དགའ་ཚོར་ཆེན་པོ་བྱུང་།
གནས་སྤོ་ཐུབ་པ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གོམ་སྟབས་དང་པོ་ཙམ་ཡིན་པ་དང་། ཕྱུག་འགྱུར་ཐུབ་མིན་ནི་གཞི་ནས་གནས་སྤོས་དབུལ་སྐྱོར་བརྟན་པོ་ཡོང་བའི་འགག་རྩ་རེད།
གནད་དོན་དེའི་ཐད་རྣམ་གླིང་རྫོང་གིས་སྔ་ས་ནས་གྲ་སྒྲིག་བྱས་ཡོད། གནས་སྤོས་མང་ཚོགས་ལ་དོན་དག་བསྒྲུབ་རྒྱུ་ཡོད་པ་དང་། ལས་ཀ་བསྒྲུབ་རྒྱུ་ཡོད་པ། ཁེ་བཟང་ཐོབ་རྒྱུ་ཡོད་པ་བཅས་ཡོང་ཆེད། རྣམ་གླིང་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་པོའི་གནས་སྤོ་དང་དབུལ་པོའི་ལས་རིགས་བརྗེ་བ་མཉམ་དུ་སྤེལ་བ། བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་དུ་འཛིན་པ། གནས་སྤོ་དང་དབུལ་སྒྲོལ་མཉམ་སྤེལ་བཅས་མཐའ་འཁྱོངས་བྱས་ཡོད། གནས་སྤོ་བྱེད་གནས་འཆར་འགོད་ལུགས་མཐུན་བྱེད་པ་དང་དུས་མཚུངས་སུ་ལེ་ལག་ཚང་བའི་ཐོན་ལས་དུས་མཉམ་དུ་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་བཏོད་དེ་གནས་སྤོས་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡོད་པ་དང་འཕེལ་རྒྱས་ལ་མདུན་ལམ་ཡོད་པའི་འགན་ལེན་བྱས་པ་རེད། ད་ཆ་འཕྲེལ་འགོ་གྲོང་ཚོའི་བོད་གྲུམ་འཐག་པའི་མཉམ་ལས་ཁང་སྤྱོད་འགོ་ཚུགས་ཤིང་། མཉམ་ལས་ཁང་དུ་ཞུགས་པའི་མང་ཚོགས་དུད་ཚང་ ༣༠ ཡོད་པ་དང་། ལས་ཞུགས་བརྟན་པོ་ཡོད་པའི་མང་ཚོགས་དབུལ་པོ ༡༠ ཡོད་པ་བཅས་མི་རེར་ཆ་སྙོམས་འབབ་འཕར་སྒོར ༣༠༠༠ བྱུང་ཡོད། ནོར་ལུག་གསོ་ཚགས་མཉམ་ལས་ཁང་བཙུགས་ཟིན་ནས་ཐོན་སྐྱེད་ཁང་པ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། མིག་སྔར་རང་མོས་ངང་མཉམ་ལས་ཁང་ནང་ཞུགས་པའི་མང་ཚོགས ༢༥༢ ཡོད་པ་དང་། མང་ཚོགས་མཉམ་ལས་ཁང་ནང་ཞུགས་པའི་ཕྱུགས་ཟོག་མགོ་གྲངས ༨༩ དང་ལུག ༡༨༦ ཡོད་པ་རེད། མ་འཇོག་མ་དངུལ་སྒོར་ཁྲི ༨.༧༨ བཏང་ནས་མི ༦༣ ལས་ཞུགས་ཐུབ་པ་བྱུང་ཡོད།
དེ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་ཆེད། འཕྲེལ་འགོ་གྲོང་ཚོས་ད་དུང་རིགས་ཁག་གི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ཧུར་ཐག་གིས་སྤེལ་ཞིང་། འཕྲེལ་འགོ་གྲོང་ཚོའི་ངལ་ནུས་མཉམ་ལས་ཁང་བརྒྱུད་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་མི་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་གསོ་སོགས་བྱས་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཕྱོགས་ཡོངས་ནས་རོགས་རམ་བྱས་པ་རེད།
འཕྲེལ་འགོ་གྲོང་ཚོ་བརྒྱུད་སྐབས་རི་འདབས་ཀྱི་མུའུ ༡༢༠༠ ཡོད་པའི་ཁུང་ཨ་ཧའེ་ཐང་རྟེན་གཞིའི་ཧའེ་ཐང་གི་ལྗང་མྱུག་ལ་མྱུ་གུ་འབུས་བཞིན་ཡོད། ན་ནིང་། རྟེན་གཞིའི་ཧའེ་ཐང་མེ་ཏོག་རབ་ཏུ་བཞད་ནས་དམར་མདངས་བཀྲ་བ་དེ་ང་ཚོའི་ད་ལྟའི་འཚོ་བ་དང་འདྲ། གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་བསྐྲུན་རྗེས། ངས་གྲོང་ཚོའི་ནང་དུ་བོད་ཆས་བཟོ་བའི་མཉམ་ལས་ཁང་ཞིག་བཙུགས་ནས་ཁྱིམ་དུ་བརྒྱུད་སྤྲོད་བྱས་པའི་བོད་ཆས་བཟོ་རྩལ་དེ་བས་མང་བ་གྲོང་པ་ཁྱིམ་མཚེས་ལ་བསླབས་རྒྱུ་ཡིན་པ་དང་། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན། འབྱུང་འགྱུར་གྱི་བསམ་ཚུལ་སྐོར་གླེང་སྐབས་རྫོང་གྲོང་དུ་བོད་ཆས་བཟོ་ཁང་བཙུགས་པའི་འཕྲེལ་འགོ་གྲོང་ཚོའི་གྲོང་མི་བུ་ཆུང་གིས་རང་ཉིད་ཀྱི་ཧམ་སེམས་ལ་གཡོ་འགེབས་སྤུ་ཙམ་ཡང་མི་བྱེད་པ་རེད།
དུས་རབས་གསར་པར་བསྐྱོད་དེ་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་དགོས། འབྱུང་འགྱུར་འཕྲེལ་འགོ་གྲོང་ཚོས་གནད་སྨིན་དབུལ་སྐྱོར་ཐོན་ལས་ཀྱི་རོགས་སྐྱོར་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་ནས་ཕྱུག་འགྱུར་འཇོན་ཐང་ཅན་དང་ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་གྲོང་མིའི་རང་བརྟེན་ནུས་པ་སྔར་བས་ཆེ་རུ་བཏང་ནས་བདེ་སྐྱིད་ཀྱི་ལམ་བུ་ཞིག་གཏོད་རྒྱུ་ཡིན་པ་རེད།།