ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་པའི་བཞད་མཐོང་སྨོན་རྫོང་ནི་གཙང་པོའི་བཞའ་ཚན་ཆེ་བས། ཆུ་ཁུངས་འབེལ་པོ་ཡོད་པ་མ་ཟད། ད་དུང་རང་བྱུང་ཁམས་ཀྱི་ལེགས་སྐྱེས་འཕར་མ་སྟེ་རང་བྱུང་ཆུ་ཚན་ཡང་ཡོད། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་ཁོངས་གཏོགས་སུ་ཁྱོན་གཞི་ཁྱོན་ཅུང་ཆེ་བའི་ཆུ་མིག ༦ ཡོད་པ་རེད། དུས་རྒྱུན་ཆུ་མིག་གི་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ ༦༣ ཡིན་པ་དང་། ཟངས་དང་ཏི་ཚ་སོགས་མི་ཡི་ལུས་ལ་ཕན་པའི་གཏེར་རྒྱུ་མང་པོ་ཡོད།
དུས་ཡུན་རིང་པོའི་ནས་བཟུང་། རང་བྱུང་ཆུ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཆབ་ཁ་གྲོང་ཚོའི་གྲོང་མིས་ཕྱུག་འགྱུར་གྱི་ཁ་ཕྱོགས་ཡང་དག་རྙེད་མེད། ད་ཆ་ཆབ་ཁ་རུ་ལྷུང་ལྷུང་དུ་འབབ་པའི་རང་བྱུང་ཆུ་ཚན་དེ་ཞིང་འབྲོག་མང་ཚོགས་ཚོར་འབབ་འཕར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་བདེ་སྐྱིད་ཀྱི་ཆུ་མིག་ཞིག་ཏུ་གྱུར་ཡོད།
སྲིད་གཞུང་གི་ཁྲིད་སྟོན་འོག ཐོན་ཁུངས་ཀྱི་ལེགས་ཆར་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་བྱེད།
དབུལ་སྒྲོལ་འགག་སྒྲོལ་བརྟན་ལ་རྒྱུན་མཐུད་ཐུབ་པ་བྱེད་རྒྱུ་དེ་ནི། ཐོན་ལས་དབུལ་སྐྱོར་གྱི་གཞི་རྟེན་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
སྤྱི་ལོ ༢༠༡༢ ལོར། བཞད་མཐོང་སྨོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་ཐོན་ཁུངས་ལ་བརྟེན་ནས་གནས་དེར་མཛེས་ལྗོངས་ཁུལ་ཞིག་བསྐྲུན་པ་དང་། ཕྱོགས་དེར་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུ་དམིགས་ཡུལ་དུ་བཟུང་ནས་མ་དངུལ་སྒོར་ཁྲི ༥ སྟོང་ལྷག་ཙམ་བཏང་བ་རེད། ཆབ་ཁ་གྲོང་ཚོར་ཞག་སྡོད་དང་བཟའ་བཏུང་། གཟུགས་པོ་འཁྲུ་བ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཆབ་ཁ་གྲོང་ཚོའི་ཆུ་ཚན་སྤྲོ་གསེང་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས། ཆབ་ཁ་གྲོང་ཚོའི་ཆུ་ཚན་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ཡོད།
གནས་དེར་གཟུགས་པོ་འཁྲུས་ཚེས་གཟའ་མཇུག་ཏུ་མི་གཅིག་ལ་སྒོར ༡༠༠ དང་། དེ་མིན་གྱི་དུས་ཚོད་ནང་མི་གཅིག་ལ་སྒོར ༨༠ ཡིན་ཞིང་། གལ་ཏེ་བྱིས་པ་ལྷན་དུ་ཁྲིད་ཡོད་ཚེ་ཆུ་རྐྱལ་རྒྱག་སའི་རྗིང་བུ་ཡང་ཡོད། ཆབ་ཁ་ཆུ་ཚན་གྱི་སྤྲོ་གསེང་གྲོང་ཚོའི་མདུན་སྟེགས་སུ། གྲོན་དངུལ་བསྡུ་མཁན་བདེ་སྐྱིད་ཀྱིས་འཛུམ་ཤིག་ཤིག་ངང་ཡུལ་སྐོར་བ་ཚོར་ཚད་ལྡན་གྱི་རིན་གོང་ངོ་སྤྲོད་བྱེད་བཞིན་ཡོད། ཉིན་དེའི་ཉིན་གུང་ཆུ་ཚོད ༡༢ ཡོལ་མཚམས་སུ་བདེ་སྐྱིད་ཀྱིས་ཡུལ་སྐོར་བ་མི་ཐེངས ༡༢༨ ལ་སྣེ་ལེན་ཞུས་ཡོད།
ཆབ་ཁ་ཆུ་ཚན་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བཞད་མཐོང་སྨོན་རྫོང་གིས་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་དང་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཆབ་ཁ་གྲོང་ཚོའི་སྡོད་ཁང་སྐྱོ་ཁུལ་དག་སྒྱུར་བཀོད་བྱས་པ་མ་ཟད། རྫོང་གྲོང་ནས་ཁ་དཀར་ཆུ་ཚན་བར་དུ་གཞུང་ལམ་སྐྲུན་ནས། ཆུ་ཚན་ཡུལ་སྐོར་སྤྲོ་གསེང་གྲོང་ཚོའི་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་འཐུས་ཚང་དུ་བཏང་ཡོད།
ཆབ་ཁ་ཆུ་ཚན་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ཕྱོགས་ཁག་གི་ཡུལ་སྐོར་བ་ཡང་གཅིག་རྗེས་གཉིས་མཐུད་ངང་ཡོང་གི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ ༢༠༡༩ ལོར། ཆབ་ཁ་གྲོང་ཚོའི་ཆུ་ཚན་སྤྲོ་གསེང་རྟེན་གཞིས་ལོ་ཧྲིལ་པོར་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི ༤ ལྷག་ཙམ་ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི ༡༥༨༤ བྱུང་བ་དང་། དུད་ཚང་དབུལ་པོ ༥༣ གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི ༢.༨ བྱུང་ཡོད།
ཆབ་ཁ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ཚེ་རིང་གིས་དགའ་ཚོར་ཆེན་པོས་ངང་ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོར་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང་ཡོད། མང་ཚོགས་ཚོར་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་དང་ཆུ་ཚན་གྱི་ཐོན་ཁུངས་དང་སྦྲེལ་ཏེ་ང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱེད་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།
ཏང་གི་འཛུགས་སྐྱོང་གི་སྣེ་ཁྲིད་འོག དབུལ་གྲོལ་ལམ་བུའི་ཐོག་དབུལ་ཕོངས་གཅིག་ཀྱང་མ་ལུས་པ་བྱེད།
ཉེ་བའི་ལོར། ཆབ་ཁ་གྲོང་ཚོར་གནམ་ས་བླ་འོག་ཏུ་ཕྱིན་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་ནི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
སྤྱི་ལོ ༢༠༡༧ ལོར་ཆབ་ཁ་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་སྤེལ་ནས། དེ་སྔོན་གྲོང་ཚོའི་ཨུ་ལྷན་ཚན་ཁག་གི་ཁོངས་མི་ཚེ་རིང་ཆབ་ཁ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་རེད།
ལས་འགན་བཞེས་པའི་ལས་ཀ་དང་པོ་སྟེ། ཚེ་རིང་གི་སྣེ་ཁྲིད་འོག གྲོང་ཚོའི་ལས་བྱེད་པས་སྤྱི་ལོ ༢༠༡༥ ལོར་གྲོང་ཚོ་མཉམ་སྡེབ་ཀྱིས་བཙུགས་པའི་ཁྱིམ་ཚང་ཆུ་ཚན་ནམ་གྲོང་གསེབ་ཀྱི་དམངས་ཕན་ཆུ་ཚན་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། སྒྱུར་བཀོད་བྱས་རྗེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མཉེན་ཆས་དང་མཁྲེགས་ཆས། སྣེ་ལེན་ནུས་པ་བཅས་ཧ་ཅང་ལེགས་སུ་ཕྱིན་པ་རེད།
དེ་དང་ཆབས་ཅིག་ཆབ་ཁ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་ཧུར་ཐག་ངང་ཁྱད་ལྡན་ཐོན་ལས་མཉམ་ལས་ཁང་བཏོད་ཡོད། སྤྱི་ལོ ༢༠༡༩ ལོར་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མཐའ་མཚམས་དུད་ཚང་། ཏང་ཡོན། དབང་པོ་སྐྱོན་ཅན། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་བཅས་ཀྱིས་མ་རྐང་ནང་ཞུགས་ཏེ་ཆབ་ཁ་གྲོང་ཚོའི་ཡུལ་སྐོར་སྤྲོ་གསེང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ད་ཆ་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི ༢༠༠ ལྷག་ཙམ་བཏང་བའི་ཆུ་ཚན་མགྲོན་ཁང་སྐྲུན་བཞིན་ཡོད། སྔོན་དཔག་ལྟར་ན་སྤྱི་ཟླ ༦ པའི་ཟླ་མཇུག་ཏུ་ལས་གཉེར་བྱེད་འགོ་ཚུགས་པ་དང་ལོའི་ཡོང་འབབ་སྒོར་ཁྲི ༣༠ ཙམ་ཟིན་རྒྱུ་དང་། དུད་ཚང་དབུལ་པོ་རེར་སྒོར ༢༢༩༠ བགོ་བཤའ་རྒྱག་ཆོག་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ ༦ གི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་རེད།
བསམ་བློ་དང་ནུས་ཤུགས་གཉིས་ཀ་ཕྱོགས་གཅིག་ཏུ་འདོན་པ་དང་། ཏང་ཡོན་དང་མང་ཚོགས་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཆབ་ཁ་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད། སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ་ཆབ་ཁ་གྲོང་ཚོའི་དུད་ཚང་ ༢༦༧ གྱི་དུད་མི ༡༠༢༧ ལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༡༧༠༠༠ ལྷག་ཙམ་ཟིན་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ ༦༢ ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ནས། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཚོར་བདམས་ཐོན་བྱུང་བ་རེད།
མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བརྩོན་ལེན་བྱེད།
དགུང་ལོ ༦༩ ལ་སོན་པའི་ཆབ་ཁ་གྲོང་ཚོའི་གྲོང་མི་ཉི་མ་ཚེ་རིང་དང་ཁོང་གི་བཟའ་ཟླ་ཚེ་སྒྲོན་གཉིས་ཀྱིས་ཞོགས་པ་མལ་ནས་ལངས་ཏེ་སྒོ་རའི་ནང་དུ་གཙང་སྦྲ་བྱས་རྗེས་ཐབ་ཚང་དུ་ལོག་ནས། ཐབ་ཀའི་སྟེང་དུ་དྲི་ཞིམ་འཐུལ་བའི་གསོལ་ཇ་བསྲུབས་མ་བསྐོལ་བ་དང་། བོད་བཟོའི་ཁྱིམ་ཆས་གསར་རྐྱང་གི་ཐོག་ཚགས་ཤ་སྐམ་པོ་དང་། འོ་མ། བཏུང་བྱ་སྣ་ཚོགས་བསྒྲིགས་ཡོད། རྣམ་པ་དེ་དག་གི་ཁྲོད་ནས་ཉི་མ་ཚེ་རིང་ཁྱིམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་མངོན་བཞིན་ཡོད།
འོན་ཀྱང་། ལོ་གཉིས་ཀྱི་གོང་དུ་ཉི་མ་ཚེ་རིང་གི་སྡོད་ཁང་ནི་རི་ཁུག་ཞིག་ཏུ་གནས་ཡོད་ལ་ས་ཞིང་ཡང་མེད་པས། ཁོང་བཟའ་ཚོ་གཉིས་པོས་རྨིད་ངོས་སྙོམས་གྲུ་བཞི་མ ༤༠ ཅན་གྱི་ས་ཁང་ཆུང་ངུ་ཞིག་གི་ནང་འཚོ་བ་སྐྱེལ་གྱི་ཡོད།
སྤྱི་ལོ ༢༠༡༨ ལོར་ཉི་མ་ཚེ་རིང་གིས་སྡོད་ཁང་རྙིང་པ་ནས་ཐོན་ཏེ། གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་སྲིད་གཞུང་ནས་བཀོད་སྒྲིག་བྱས་པའི་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་སྤོས་པ་རེད། སྡོད་ཁང་གསར་པའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ ༥༠ ལྷག་ཙམ་ཡོད་པ་དང་། ཁང་པའི་ནང་ལུགས་མཐུན་གྱི་ཐབ་ཚང་དང་། ཉལ་ཁང་། མགྲོན་ཁང་། གསང་སྤྱོད། གསོག་འཇོག་ཁང་བཅས་ཡོད་པ་མ་ཟད། ཆུ་དང་། གློག དྲ་རྒྱ་བཅས་ཡོད། སྤྱི་ལོ ༢༠༡༩ ལོར་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་དངུལ་སྨར་བཏོན་ནས་རང་ཁྱིམ་དུ་སྨི་ངོས་སྙོམས་གྲུ་བཞི་མ ༡༠ ལྷག་ཙམ་ཟིན་པའི་ཉི་འོད་ཁང་པ་ཞིག་བརྒྱབ་ཡོད། ཉི་མ་ཚེ་རིང་གིས་གསར་འགོད་པར་ཉི་འོད་ཁང་པའི་ནང་དྲོ་པོ་འདུག་ལ། ཚེ་སྒྲོན་གྱིས་ཁ་གདན་འཐག་སྐབས་ཁོང་གི་མིག་ལ་ཡང་གསལ་མཐོང་གི་ཕན་པ་ཆེན་པོ་ཡོང་གི་འདུག་ཅེས་བཤད།
ཆབ་ཁ་གྲོང་ཚོའི་ཡུལ་སྐོར་སྤྲོ་གསེང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ཐེངས་དང་པོར་ཉི་མ་ཚེ་རིང་གིས་སྒོར ༢༠༠༠ བཞག་ནས་མ་རྐང་ནང་དུ་ཞུགས་པ་རེད། ཁོང་གིས་སྣོད་བཅུད་ལས་གནས་ལ་སྒོར ༣༥༠༠ ཡོད་པ་དང་། ཁ་གདན་གཅིག་གི་འཐག་གླ་སྒོར ༤༠༠༠ ལྷག་ཙམ་ཡོད་པ། ད་དུང་ང་ལ་རྫོང་དང་གྲོང་ཚོའི་མཉམ་ལས་ཁང་དུ་ཁེ་སྤོགས་བགོ་བཤའ་ལེན་རྒྱུ་ཡོད་པ་བཅས་ཀྱིས་ད་ལོ་ངེད་ཚང་གི་ཡོང་འབབ་སྔར་ལས་མཐོ་བ་ཡོད་ཅེས་བཤད། ད་དུང་ཉི་མ་ཚེ་རིང་གིས་སེམས་ནང་སྤྲོ་བ་ཆེ་ཆེར་འཕེལ་བཞིན་ཚོམས་ཆེན་དུ་ཡོད་པའི་གཙོ་འཛིན་གྱི་སྐུ་པར་མདུན་ནས་གསར་འགོད་པར་ང་ལ་བསམ་ཚུལ་གཞན་པ་གང་ཡང་མེད། འཚོ་བ་འདི་ཉིན་རེ་བཞིན་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་ལ། ཏང་གི་འགོ་ཁྲིད་འོག་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཚེ་མ་འོངས་པའི་འཚོ་བར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད།
སྤྱི་ལོ ༢༠༡༥ ལོར། ཆབ་ཁ་ཆུ་ཚན་གྱི་གྲོང་རྡལ་ཆུང་ངུ་དེ་རྒྱལ་ཁབ་ཀྱི་ཀ་པ་རིམ་པ ༣ པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པས། ཆབ་ཁ་ཆུ་ཚན་དེ་ཡུལ་སྐོར་བྱ་གཞག་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད། འབྱུང་འགྱུར་ཆུ་ཚན་དེར་བོད་ཀྱི་གསོ་བ་རིག་པའི་དངོས་བཅོས་དང་། སྤྲོ་གསེང་རོལ་རྩེད། དམངས་སྲོལ་འཁྲབ་རྩལ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གསར་གཏོད་ཉམས་ལེན་སོགས་ནུས་པ་མང་པོ་གཅིག་ཏུ་འདུས་པའི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་འགྱུར་རྒྱུ་རེད།
ཆབ་ཁ་གྲོང་ཚོ་ནི་རྫོང་གྲོང་དུ་སྐྱོད་པའི་གཙོ་བོའི་འགྲིམ་འགྲུལ་གྱི་ལམ་བུའི་ཐོག་གནས་ཡོད། རྒྱང་རིང་ནས་བལྟས་ཚེ། ཁ་དཀར་གྲོང་ཚོའི་གྲོང་མི་ཚོས་རེ་བའི་ཞིང་ས་གཤིན་པོའི་ནང་མ་འོངས་གོང་འཕེལ་གྱི་ས་བོན་རེ་རེ་བཞིན་གཏོར་བཞིན་ཡོད། གནས་འདིར་མ་འོངས་པའི་ལོ་ཟླ་ཡོད་ལ། རེ་བའི་ཁེངས་པའི་ཞིང་ས་ཀྱང་ཡོད།།
ཡིག་བསྒྱུར་བློ་གྲོས།