ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོགས་པ་ནས་བཟུང་། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་རིམ་པ་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་རུ་ཁག་བཙུགས་ནས་མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་། དགོན་སྡེ། ཁྲོམ་སྲང། ཚོང་ཁང་སོགས་ཀྱི་མི་སྣ་འདུ་འཛོམས་བྱེད་གནས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་གྱི་དྲིལ་བསྒྲགས་ཤོག་བྱང་བཀྲམས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་གྱི་བརྙན་རིས་ལ་ལྟ་བའི་བྱ་འགུལ་རྩ་འཛུགས་དང་། གཅིག་སྡུད་སྒྲོག་འགྲེལ། འཕྲེད་དར་འགེལ་བ། ཁྱབ་བརྡ་སྦྱར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནང་དོན་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། དགུན་སྟོད་ཀྱི་གངས་ལྗོངས་ས་མཐོའི་མཐའ་མཚམས་ས་ཁུལ་དུ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད།
སྐྱིད་གྲོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་འཁྲུངས་ས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཟླ་བས་མི་དམངས་ཉེན་རྟོག་པའི་སྒྲོག་འགྲེལ་ལ་གསན་རྗེས་ཁོང་གིས་མངག་གཏོང་ཁང་གི་སྒྲོག་འགྲེལ་རུ་ཁག་གི་མི་དམངས་ཉེན་རྟོག་པས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་ནས་ད་ལྟའི་བར་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བོད་ལྗོངས་མཐའ་མཚམས་ས་ཁུལ་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ཕན་ཚུན་ཟུང་འབྲེལ་བྱས་ནས་ང་ཚོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་འགྲེལ་བཤད་ཞིབ་མོ་བྱས་ཏེ། ང་ཚོར་ཏང་དང་སྲིད་གཞུང་གིས་བོད་ལྗོངས་མི་དམངས་ལ་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་དངོས་སུ་མྱོང་ཚོར་ཐུབ་པར་བྱས་ཡོད་ཅེས་བཤད།
རྫོང་དགའ་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་འབྲོག་པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
སྐྱིད་རོང་རྫོང་རྫོང་དགའ་གྲོང་རྡལ་གྱི་འབྲོག་རར་རྫོང་དགའ་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཕན་ཚུན་ཟུང་འབྲེལ་བྱས་ཏེ། འབྲོག་པ་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། མི་དམངས་ཉེན་རྟོག་པའི་འགྲེལ་བཤད་ལ་གསན་རྗེས། འབྲོག་པ་བཀྲ་ཤིས་ལ་སེམས་འགུལ་ཆེན་པོ་ཐེབས་བཞིན་ང་ཚོས་བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་འཚོ་བ་སྐྱེལ་ཏེ་མི་རབས་ནས་མི་རབས་བར་ཕྱུགས་འཚོ་བཞིན་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་འོག ང་ཚོས་སྔོན་ཆད་སེམས་ལ་དྲན་མི་ཕོད་པའི་འཚོ་བ་སྐྱིད་པོ་རོལ་ཐུབ་པ་བྱུང་། འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དང་མཐའ་འཁོར་གྱི་ཁོར་ཡུག་ཀྱང་ཇེ་བཟང་ནས་ཇེ་བཟང་རེད། མཐའ་མཚམས་ཀྱི་རྩྭ་རར་ཕྱུགས་འཚོ་སྐབས། ང་ཚོ་ཕྱུགས་འཚོ་མཁན་ཚང་མས་མུ་མཐུད་དུ་རྒྱལ་ཁབ་ཀྱི་སོ་དམག་བཟང་པོ་བྱས་ཏེ་དམག་མི་དང་ཉེན་རྟོག་པ་རྣམས་དང་མཉམ་དུ། ང་ཚོ་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་དང་། ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བ་འདིར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
བར་ཡངས་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
སློབ་མ་བཀྲ་ཤིས་གཡང་འཛོམས་ཀྱིས་ཨ་ཁུ་ཚོའི་སློབ་ཁྲིད་ལ་ཉན་རྗེས། ང་ཚོས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོའི་མི་རབས་འདིར་བཅངས་པའི་ཐུགས་ཁུར་དང་རེ་བ་ཤེས་སོང་། ང་ཚོས་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དང་སློབ་སྦྱོང་གི་ཆ་རྐྱེན་འདིར་གཅེས་སྤྲས་བྱེད་ངེས་ཡིན། ང་ཚོས་འབད་པ་ཆེན་པོས་ཤེས་བྱ་སྦྱངས་ཏེ་འཚར་ལོངས་བྱུང་རྗེས་མི་ཤེས་ཡོན་ཅན་ཞིག་བྱས་ནས་ཕ་ཡུལ་དུ་ལོག་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས། རང་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ངོ་མ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
སྐྱིད་གྲོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དགོན་སྡེར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
མཐའ་མཚམས་མངག་གཏོང་ཁང་གི་དགོན་སྡེར་བཅའ་སྡོད་བྱས་པའི་མི་དམངས་ཉེན་རྟོག་པས་གཏིང་སྐྱེས་རྫོང་བཀྲ་ཤིས་ཆོས་འཕེལ་དགོན་གྱི་གྲྭ་བཙུན་རྣམས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་སྐབས། རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་ ༢༠༣༥ ལོའི་རྒྱང་རིང་དམིགས་འབེན་མངོན་འགྱུར་བྱུང་བར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱེད་དགོས་ཤིང་། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་དགོན་སྡེའི་གྲྭ་བཙུན་གྱི་འབད་བརྩོན་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན་ཞེས་བཤད་ཡོད།
དགོན་སྡེར་བཅའ་སྡོད་བྱས་པའི་མི་དམངས་ཉེན་རྟོག་པའི་སྒྲོག་འགྲེལ་ལ་གསན་རྗེས། གྲྭ་བཙུན་རྣམས་ཀྱིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ལྗོངས་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བཙུགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་བྱས་ནས་དད་ལྡན་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། །