བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་སྲི་གཅོད་ཀྱི་སྐོར་བཀོད་པ།
ཉི་མ་སྲི་གཅོད། ཕོ། བོད་རིགས། ༡༩༨༠ལོའི་ཟླ་༡པོར་སྐྱེས། ༢༠༡༠ལོའི་ཟླ་༧པར་ཏང་ནང་ཞུགས། ད་ལྟ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་གནང་བཞིན་ཡོད། དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྦྲེལ་དུད་ཚང་གི་མཚན་སྙན་ཐོབ་མྱོང་བ་དང་གཞིས་རྩེ་གྲོང་ཁྱེར་སྐབས་དང་པོའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་མཚན་སྙན་ཡང་ཐོབ་མྱོང་།
ཉི་མ་སྲི་གཅོད་ཀྱིས་སྤྱི་ལོ་༢༠༠༤ནས་༢༠༠༧ཀྱི་བར། རྫོང་འབྲུ་རིགས་ལས་ཁུངས་ཀྱི་བོགས་གཏོང་ཁང་པ་གཡར་ཏེ་རྐང་འཁོར་བཟོ་བ་དང་གློག་གི་ཚ་ལ་གཏོང་བ་སོགས་ཀྱི་ཚོང་བརྒྱབ་སྟེ། མི་ཚེའི་བྱ་གཞག་གསར་གཏོད་ཐེངས་དང་པོ་དེ་འགོ་ཚུགས་པ་དང་སྦྲགས་མི་ཚེའི་མ་དངུལ་དང་པོ་དེ་ཡང་རགས། ལོ་གསུམ་གྱི་རིང་། ཁོང་གང་ཡང་མེད་པའི་སྐྱོ་ལང་ང་ཞིག་ནས་ཡུལ་དེར་སྐད་གྲགས་ཡོད་པའི་འབྱོར་པ་ཅན་ཞིག་ཆགས། ཉི་མ་སྲི་གཅོད་ཁོང་གིས། རང་ཉིད་ཕྱུག་པོ་ཆགས་པ་དེ་དངོས་གནས་ཀྱི་ཕྱུག་པོ་མ་ཡིན་པར་མང་ཚོགས་ཕྱུག་པོ་ཆགས་ཚེ་གཞི་ནས་དངོས་གནས་ཀྱི་ཕྱུག་པོ་ཡིན་ཞེས་གསུངས། སྤྱི་ལོ་༢༠༠༧ལོར་ཁོང་སོ་སོ་མི་སྒེར་གྱིས་དངུལ་ཏོག་ཙམ་བཏོན་ཏེ་རི་སྔོན་གྲོང་ཚོར་ཞིང་འབྲོག་པའི་ཨར་ལས་རུ་ཁག་ཅིག་བཙུགས་ནས་ཡོང་འབབ་གཏན་འཁེལ་མེད་པའི་མང་ཚོགས་༢༥ལས་ཞུགས་ཐུབ་པ་བྱུང་། སྤྱི་ལོ་༢༠༡༣ལོར་རི་སྔོན་གྲོང་ཚོའི་འབྱུང་ཁམས་གླིང་ཁ་གྲབས་འཛུགས་གནང་བས་ལོ་དེ་གར་ཡོང་འབབ་སྒོར་ཁྲི་༢༠ལྷག་ཙམ་མངོན་འགྱུར་བྱུང་བ་དང་དབུལ་པོའི་ཐེམ་དུད་༦སྣེ་ཁྲིད་གནང་སྟེ་ལས་ཞུགས་ཐུབ་པ་བྱུང་བ། དེ་དང་དུས་མཚུངས་ཁེ་བཟང་ནང་ནས་དངུལ་སྒོར་ཁྲི་༦ཙམ་བཏོན་གནང་སྟེ་གྲོང་ཚོ་དེ་གའི་དབུལ་པོའི་མི་སྣར་རོགས་སྐྱོར་རྒུད་སྐྱོབ་གནང་། དེ་ནས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་གནང་སྟེ། རི་སྔོན་གྲོང་ཚོར་སྦྲང་ནོར་བུ་གསོ་ཚགས་ལྟེ་གནས་བཙུགས་གནང་བ་དང་གསོ་ཚགས་མཁས་དབང་གདན་འདྲེན་ཞུས་ཏེ་མང་ཚོགས་ཚོར་སྦྲང་ནོར་བུ་གསོ་ཚགས་དང་སྦྲང་རྩི་ལས་སྣོན་བྱེད་པའི་ལག་རྩལ་བསླབ་པས། མིག་སྔར་རི་སྔོན་གྲོང་ཚོས་ཆ་སྙོམས་ལོ་རེར་རང་བྱུང་སྦྲང་རྩི་རྒྱ་མ་༥༠༠༠ལྷག་ཙམ་ཐོན་སྐྱེད་བྱེད་པ་དང་། ལོ་རེར་བྲིན་ཚོང་བྱས་པའི་ཁེ་བཟང་སྒོར་ཁྲི་༣༠ལྷག་ཙམ་ཡོང་གི་ཡོད། ༢༠༡༦ལོར་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དང་མཐུན་སྦྱོར་བྱས་པ་བརྒྱུད། ཉི་མ་སྲི་གཅོད་ཀྱིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་སྐུལ་སློང་གནང་སྟེ་མ་འཇོག་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་མཉམ་ལས་ཧྲེ་བཙུགས་གནང་སྟེ་ཚལ་སྣུམ་དང་གྲོ་ཞིབ་སོགས་བྲིན་ཚོང་གནང་བས། ལོ་རེའི་ཁེ་བཟང་དངུལ་སྒོར་ཁྲི་༢༠ལྷག་ཙམ་ཟིན་གྱི་ཡོད་པ་དང་། ཟླ་བ་མི་རེ་ངོ་རེར་ཡོང་འབབ་ཡོད་པ་དང་ཁྱིམ་ཚང་ཚང་མར་ཁེ་འབབ་བགོ་ཤ་ཡོད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱུང་།
ད་དུང་དེ་ཕུད་ཉི་མ་སྲི་གཅོད་ཀྱིས་ཞིང་འབྲེལ་སྡེ་ཁག་དང་མཐུན་སྦྱོར་མཐུན་སྒྲིག་ཧུར་ཐག་གནང་སྟེ་མ་དངུལ་བརྩོན་ལེན་གྱིས་ཆུ་མཛོད་དང་ཆུ་ཡུར། དམངས་ཕན་ཟམ་པ། གྲོང་ཚོ་རིམ་པའི་གཞུང་ལམ་སོགས་བཟོ་བསྐྲུན་གནང་བ་དང་། ཁོང་སོ་སོས་མ་དངུལ་བཏོན་ཏེ་དབུལ་པོའི་ཐེམ་དུད་ལ་རོགས་སྐྱོར་དང་དྭ་ཕྲུག་ཉར་གསོ། སློབ་གྲྭ་ཞིག་གསོ་བཅས་གནང་ཡོད། ལོ་བཅུ་གྲངས་ནང་། ཉི་མ་སྲི་གཅོད་ཀྱིས་ཞལ་འདེབས་ཁྱོན་བསྡོམས་སྒོར་ཁྲི་༧༤ལྷག་ཙམ་བརྒྱབ་ཡོད། ཁོང་གིས་ལག་ལེན་ངོ་མའི་ཐོག་ནས་གུང་ཁྲན་ཏང་ཡོན་ཞིག་གི་དམིགས་ཡུལ་གྱི་འདུ་ཤེས་མངོན་མཚོན་གནང་ཡོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་གི་རྩ་བའི་སྙིང་དོན་ཡང་མངོན་མཚོན་གང་ལེགས་གནང་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
མྱང་ཆུ་གཙང་པོའི་འགྲམ་ནས་སྦྲང་དཀར་རྩམ་པའི་དྲི་ཞིམ་འཐུལ། དབང་པོ་སྐྱོན་ཅན་ཉི་སྐྱིད་ལྷ་མོའི་ཕྱུག་འགྱུར་གཏམ་རྒྱུད།