ཤེས་ལྡན་མི་སྣ།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཤེས་ལྡན་མི་སྣ། >ལྡེབ་ངོས་མགོ་མ།

མྱང་ཆུ་གཙང་པོའི་འགྲམ་ནས་སྦྲང་དཀར་རྩམ་པའི་དྲི་ཞིམ་འཐུལ།

སྤེལ་དུས་: 2020ལོ་04ཟླ་15ཚེས་ 10:12 ཡོང་ཁུངས་: ཤིན་ཧྭ་གསར་འགྱུར་ཁང་།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

      བཀྲ་ཤིས་དོན་གྲུབ་ཀྱིས་སྦྲང་དཀར་རྩམ་པར་བཅངས་བའི་ལྷད་མེད་ཀྱི་བརྩེ་བ།

སློབ་ཆེན་ཐོན་མ་ཐག་བོད་རིགས་ཕོ་གཞོན་བཀྲ་ཤིས་དོན་གྲུབ་ཀྱིས་མི་ཚེའི་དོན་ཆེན་ཞིག་རང་ཐག་བཅད་པ་སྟེ། ལོ་རེར་གླ་ཕོགས་སྒོར་ཁྲི ༢༠ ཙམ་ཡོད་པའི་པེ་ཅིང་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་དང་གཞུང་ལས་པའི་ལས་གནས་དོར་ནས་ཕ་ཡུལ་དུ་རྩམ་པ་ལས་སྣོན་བྱེད་པར་ལོག་པ་དེ་རེད།

ཕ་ཡུལ་དུ་ལོག་མ་ཐག་པའི་སྐབས་སུ་བཀྲ་ཤིས་དོན་གྲུབ་ལ་གནོང་འགྱོད་ཕྲན་བུ་ཙམ་བྱུང་ཡོད་ཀྱང་། དུས་ཐུང་ལོ་ཤས་ནང་རྩམ་པ་ཆུ་འཁོར་གྱིས་འཐག་པ་བཞིན། ཁོང་གིས་སྤྱི་ཚོགས་ཀྱི་བྱ་བ་ཆེ་ཆུང་སྣ་ཚོགས་ཉམས་ལེན་བྱས་པ་བརྒྱུད་སེམས་ལ་ཞུན་བརྡར་ཆེན་པོ་ཐེབས་ཡོད།

འདི་ལོ་རང་ལོ ༣༡ ལ་སོན་པའི་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་རང་ཉིད་ལ་འགྱུར་ལྡོག་འདི་ལྟར་བྱུང་བ་ནི་ཨ་ཕ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བཤད།

ཁོང་གི་ཨ་ཕ་ནོར་བུ་བསྟན་འཛིན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་སྐད་གྲགས་ཆོད་པའི་རྩམ་པ་འཐག་མཁན་ཞིག་ཡིན་ཞིང་། ཁོང་གིས་གསར་གཏོད་བྱས་པའི་ཚོང་རྟགས༼བློ་བསྟན་རྩམ་པ༽ཞེས་པ་བོད་ལྗོངས་ཀྱི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད། སྔོན་མ་སློབ་གྲྭ་ལོ་གསུམ་ལས་འགྲིམ་མྱོང་མེད་པའི་ཞིང་པ་ནོར་བུ་བསྟན་འཛིན་གྱིས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོར་བརྟེན་ནས། སྐྱེལ་འདྲེན་ལས་ཀ་དང་། ནས་ལས་སྣོན་བྱེད་པ། རྩམ་པ་བྲིན་ཚོང་བཅས་བྱས་ཏེ། རྩམ་པ་ལས་སྣོན་བཟོ་གྲྭ་ཞིག་གཉེར་འགོ་བརྩམས་ཡོད།

ནོར་བུ་བསྟན་འཛིན་ཁོང་རིག་གནས་ཀྱི་ཤེས་རྒྱ་དམན་པའི་དབང་གིས་ལས་གཏོད་བྱེད་རིང་དཀའ་སྡུག་མང་པོ་མྱོང་དགོས་བྱུང་ཡོད། ཁོང་གིས་ ཕྲུ་གུ་དྲུག་ཡོད་པ་དེ་དག་ལ་དུན་རྒྱུན་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་རིམ་པ་མཐོ་བའི་སློབ་གསོ་དང་ལེན་བྱེད་དགོས་པའི་བཀོད་པ་ཡང་ཡང་གནང་གི་ཡོད། སྤྱི་ལོ ༢༠༠༨ ལོར་བུ་རྒན་པ་བཀྲ་ཤིས་དོན་གྲུབ་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ལ་ཡིག་རྒྱུགས་འཕྲོད་དེ་གྲོང་ཁྱེར་ཆེན་པོའི་ནང་འཚོ་བ་སྐྱེལ་འགོ་ཚུགས་པ་རེད།

ནོར་བུ་བསྟན་འཛིན་ལ་འདུན་པ་ཟབ་མོ་ཞིག་ཡོད་པ་དེ་ནི་རང་ཉིད་ཀྱི་བུ་སློབ་ཆེན་མ་ཐོན་གོང་ནས་བྱ་གཞག་རྒྱུན་འཛིན་བྱེད་དུ་འཇུག་རྒྱུ་དེ་ཡིན་པ་རེད། གནས་ཚུལ་དེའི་ཐད་ཕ་བུ་གཉིས་དབར་བསམ་འཆར་མ་མཐུན་པར་རྩོད་པ་ཤོར་མྱོང་ཡོད། བཀྲ་ཤིས་དོན་གྲུབ་ནི་ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་དབང་གིས་ཞིང་ལས་ལ་ཆ་རྒྱུས་གཏན་ནས་མེད་ལ། ཁོང་གིས་ཨ་ཕ་ལ་རྩམ་པའི་ལས་སྣོན་གྱི་ཕྱག་ལས་མ་གནང་ཞེས་ཀྱང་བརྗོད་མྱོང་ཡོད།

ཐེངས་ཤིག་ཕ་བུ་གཉིས་ཞིང་ཁའི་ནང་སེམས་ལྷོད་ལ་བབས་ནས་དུས་ཚོད་རིང་པོ་གླེང་མོལ་བྱས་མཐར། བཀྲ་ཤིས་དོན་གྲུབ་ཀྱིས་ད་གཟོད་རང་ཉིད་ཀྱི་ཨ་ཕའི་དགོངས་ཚུལ་རྟོགས་ནས་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐད་བཅད་པ་རེད།

སྤྱི་ལོ ༢༠༠༥ ལོར་ཕ་བུ་གཉིས་ཀྱིས་གླེང་མོལ་བྱས་ཤིང་། སྐབས་དེ་དུས་མ་དངུལ་གྱི་འཁོར་རྒྱུག་ལ་དཀའ་ངལ་ཆེན་པོ་བྱུང་བས་ནོར་བུ་བསྟན་འཛིན་གྱིས་གཉེར་སྐྱོང་བྱས་པའི་བཟོ་གྲྭ་དེ་སྒོ་རྒྱག་ཉེ་ལ་ཐུག་པ་རེད། ཡིན་ཡང་དགའ་འོས་པའི་གནས་ཚུལ་ཞིག་སྟེ། སྐབས་དེར་མི་སེར་མི་ཉུང་བ་ཞིག་གིས་ཁོང་གི་བཟོ་གྲྭ་རུ་རང་འགུལ་ངང་འབྲུ་རིགས་བསྐྱལ་བར་ཡོང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ནས་ཀྱང་མ་དངུལ་གྲབས་གསོག་དང་ཚོང་ལམ་འཚོལ་རོགས་བྱས་པས། བཟོ་གྲྭའི་ཚོང་ལས་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

བཀྲ་ཤིས་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཨ་ཕས་ཞིང་ཁའི་ནང་གི་འབྲུ་རིགས་རྩམ་པ་བཏགས་ནས་འཚོང་རྒྱུ་དེ་ནི་ཁེ་བཟང་རག་ཐབས་བྱས་པ་ཙམ་མིན་པར། དེ་ནི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་ཞིག་ཡིན་པ་དང་། དེ་ནི་ནས་དང་མི་རྣམས་ཀྱི་ངལ་རྩོལ་དང་ས་ཆ་འདིའི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་ཞིག་རེད་ཅེས་གསུངས་བྱུང་བས། གནས་ལུགས་ཟབ་པའི་ཨ་ཕའི་གཏམ་དེ་གསན་རྗེས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་ནས་ཡུན་རིང་ལག་པ་འཆང་མྱོང་མེད་པའི་ནས་ཞིང་དང་ལས་འབྲེལ་ཟབ་མོ་འཛུགས་རྒྱུའི་རང་ཐག་བཅད་པ་ཡིན་ཞེས་བཤད།

ཐོག་མའི་ཟླ་བ་ཁ་ཤས་རིང་། བཀྲ་ཤིས་དོན་གྲུབ་ཀྱིས་ཉིན་ལྟར་གྲོང་མི་ཚོ་དང་ལྷན་དུ་ཞིང་ཁར་སྐྱོད་དེ་ས་ཞིང་རྨོ་བ་དང་། སོན་འདེབས་པ། ལོ་ཏོག་བསྡུ་བ། ཆུ་འཁོར་སྐྲུན་པ་བཅས་བྱེད་ཀྱི་ཡོད། དཀའ་སྤྱད་ལས་སྒྲུབ་བྱེད་རིང་ཁོང་གིས་ཨ་ཕའི་ལས་གཏོད་ཀྱི་དཀའ་ཚེགས་དེ་དག་མྱོར་ཚོར་ཐུབ་ནས་རེ་བའི་ཞིང་ས་གཤིན་པོ་དེར་བརྩེ་བ་རིམ་གྱིས་ཟབ་ཏུ་ཕྱིན་པ་རེད།

ལོ་མང་གྲོང་ཁྱེར་ཆེན་པོར་འཚོ་བ་སྐྱེལ་མྱོང་བ་དང་མཐོ་རིམ་སློབ་གསོ་དང་ལེན་བྱེད་མྱོང་བའི་བཀྲ་ཤིས་དོན་གྲུབ་ལ་གཞན་དང་མི་འདྲ་བའི་མཐོང་རྒྱ་དང་བློ་སྟོབས་ཤིག་ཡོད་པས། ཁོང་ལ་རྩམ་པ་ལས་སྣོན་བཟོ་གྲྭ་དེར་དེ་སྔོན་ལྟར་མུ་མཐུད་རྩམ་པ་ཁོ་ན་འཐག་པའི་ལམ་རྐྱང་པར་བསྐྱོད་རྒྱུ་མེད་པར། ལས་སྣོན་ཞིབ་ཚགས་ཐད་སྔར་བས་ཤུགས་སྣོན་རྒྱག་པའི་བསམ་བློ་ཞིག་ཡིད་ལ་འཆར་ནས། ཁོང་གིས་བོད་ལྗོངས་ཧོ་ཡོན་བཟའ་བཅའ་གསར་སྤེལ་ཚད་ཡོད་ཀུང་སི་ཞེས་པ་བཙུགས་ཏེ། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་གླིང་དང་མཉམ་ལས་བྱས་ཐོག ནས་ཀྱི་ཏན་ཞིམ་དང་། ནས་ཀྱི་བག་ལེབ། ནས་ཀྱི་བཅུད་ལྡན་རྩམ་པ་སོགས་ཀྱི་ཐོན་རྫས་གསར་སྤེལ་བྱས་པ་རེད།

མིག་སྔར། བཀྲ་ཤིས་དོན་གྲུབ་ཀྱིས་གཉེར་སྐྱོང་བྱེད་བཞི་ཡོད་པའི་ཀུང་སི་གསུམ་གྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི ༦༠༠༠ ལྷག་ཙམ་ཟིན་ཡོད་པ་དང་། ལོ་རེར་ནས་ཏུན ༦༠༠༠ ལྷག་ཙམ་ཉོ་སྒྲུབ་བྱེད་ཀྱི་ཡོད།

ཀུང་སི་འཕེལ་རྒྱས་གཏོང་བའི་ཐད་བཀྲ་ཤིས་དོན་གྲུབ་ལ་རང་ཉིད་ཀྱི་བསམ་བློ་བཟང་པོ་ཞིག་ཡོད་པ་སྟེ། ཁོང་གིས་ཨ་ཕའི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས༼ཀུང་སི་དང་མཉམ་ལས་ཁང་། ཞིང་དུད་བཅས་གཞི་གཅིག་ཏུ་འབྲེལ་བའི༽འདུ་ཤེས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད། དེ་ལྟར་བྱེད་དོན་ནི་གྲོང་མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད་ཡིན་པ་ནི་ཀུན་གྱིས་སྨོས་མ་དགོས་པ་ཞིག་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་གྲོང་མི་མི་གྲངས ༨༧ ཀུང་སིར་ལས་ཞུགས་བརྟན་པོ་ཐུབ་ནས་ཟླ་རེར་གླ་ཆ་སྒོར ༥༥༠༠ ཡན་ལེན་རྒྱུ་ཡོད་པ་རེད།

བཀྲ་ཤིས་དོན་གྲུབ་ཀྱི་ཀུང་སིས་འབྲུ་རིགས་ཉོ་སྐབས། འབྲུ་རིགས་རྒྱ་མ་རེར་ཁྲོམ་རའི་རིན་གོང་ལས་སྒོར ༠.༣ མང་བ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད་པ་དང་། སྤྱི་ལོ ༢༠༡༨ ལོ་ཁོ་ནར་ཞིང་འབྲོག་མང་ཚོགས་ཀྱི་ལག་ནས་འབྲུ་རིགས་ཉོ་སྐབས་རྒྱ་མ་རེར་སྒོར ༠.༣ མང་བ་སྤྲད་པས། མང་སྤྲོད་བྱས་པའི་སྒོར་ཁྱོན་ཁྲི ༣༦༠ ལྷག་ཙམ་ཟིན་ཡོད། དེ་དང་དུས་མཚུངས་ཁོང་གིས་སློབ་མར་རོགས་སྐྱོར་དང་། ལམ་བུ་བཟོ་རོགས། དྭ་ཕྲུག་དང་དབང་སྐྱོན་སྐྱོང་རོགས་བཅས་ལ་རིམ་རྩིས་ལྟར་ན་ཞལ་འདེབས་མ་དངུལ་སྒོར་ཁྲི ༡༠༠ ལྷག་ཙམ་ཕུལ་ཡོད།

མྱང་ཆུ་གཙང་པོའི་འགྲམ་གྱི་འབྲུ་རིགས་དག སྦྲང་དཀར་རྩམ་པར་བཟོས་ནས་ཁྲོམ་རར་འཚོང་། སླར་ཡང་འབྲུ་རིགས་ལས་སྣོན་ཞིབ་ཚགས་ཀྱིས། སྣེ་མང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད། དེ་ནི་མཐོ་སྒང་ཁ་བའི་བཟའ་བཅའ་སྟེ། ནས་ཀྱི་རིན་ཐང་ཆེ་རུ་བཏང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དབང་པོ་སྐྱོན་ཅན་ཉི་སྐྱིད་ལྷ་མོའི་ཕྱུག་འགྱུར་གཏམ་རྒྱུད། ཕྱུག་པོ་ཆགས་ཀྱང་རྩ་བ་མ་བརྗེད་པར་མང་ཚོགས་ཀྱི་སྙིང་ཉེ་སར་གྱུར་བར་བྱེད་པ།