ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་སྐབས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། སྒྱུར་བཅོས་ཀྱིས་གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པའི་ཁྲོད་འགག་རྩའི་ནུས་པ་འདོན་དགོས་པའི་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ ༢ པའི་ཚེས ༡༩ ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱེད་པའི་བར་འབྲེལ་བ་དམ་ཟབ་ཡོད་པས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་པོར་གཞིགས་པ། དེ་བས་གནད་ལ་འཕིགས་པའི་སྒོ་ནས་སྒྱུར་བཅོས་ཀྱི་བྱ་ཐབས་འདོན་པ། སྒྱུར་བཅོས་དེ་བང་རིམ་གཏིང་ཟབ་པའི་ཕྱོགས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱེད་པའི་ཁྲོད་འགག་རྩའི་ནུས་པ་འདོན་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
གྲོས་ཚོགས་ཐོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ ༢༠༢༠ ལོའི་ལས་ཀའི་ཕྱོགས་སྡོམ་སྙན་ཞུ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ ༢༠༢༡ ལོའི་ལས་དོན་གྱི་གཙོ་གནད་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད།
གྲོས་ཚོགས་ཐོག་གལ་ཆེའི་དམངས་འཚོའི་ཟོག་གོང་སྙོམ་སྒྲིག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར། རྫོང་མན་ཆད་ཀྱི་བྱ་གཞག་ཚན་པས་དོ་དམ་ལས་གནས་པའི་རིམ་སྤོར་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར། སྨན་རྫས་ལྟ་སྐུལ་དོ་དམ་གྱི་ནུས་པའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར། གྲོང་ཚོའི་ཧམ་ཤེད་ཅན་གྱི་གནད་དོན་རྒྱུན་མཐུད་སྔོན་འགོག་དང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར། འབྱུང་རྩའི་བཅོས་སྐྱོང་ལ་བརྟེན་ནས་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོ་འཆམ་བྱུང་ཡོད་པ་རེད།
གྲོས་ཚོགས་ཐོག འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གོང་འཕེལ་གྱི་འགྱུར་ལྡོག་ཁོང་དུ་གང་ལེགས་ཆུད་པ་དང་། སྒྱུར་བཅོས་ཀྱི་འགག་གཏོར་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྒྱུར་བཅོས་དེ་འགྱུར་བར་ཁ་གཏད་གཅོག་པ་དང་། དུས་བབ་གསར་པ་གཏོད་པའི་དམ་འཛིན་བྱེད་ས་གལ་ཆེན་ལ་བརྩིས་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་སྒྲུབ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཉེན་ཁ་འགོག་པ་དང་། རྨང་གཞི་འདིང་བ། དམངས་འཚོར་ཕན་པ། ཕུགས་ལ་ཕན་པ་བཅས་ཀྱི་སྒྱུར་བཅོས་ཁག་གཅིག་གྱུར་ནུས་ལྡན་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། བང་རིམ་སྔར་བས་ཟབ་སར་སྒྱུར་བཅོས་དང་ཆུ་ཚད་སྔར་བས་མཐོ་བའི་ཐོག་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུས་ཏེ། ལམ་ལུགས་ཀྱི་བཟང་ཆར་བརྟེན་ནས་ཉེན་ཁ་དང་འགྲན་རྩོད་ཀྱི་རྡབ་གསིག་ལ་ཁ་གཏད་བཅག་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་གཏོང་ལ་འཕེལ་རིམ་གལ་ཆེན་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དེས་གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པའི་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཆུ་ཚད་མཐོ་བའི་རང་ཚུགས་རང་སྟོབས་ཀྱི་སྒྱུར་བཅོས་གཏིང་ཟབ་མངོན་འགྱུར་ཡོང་བར་གཞིགས་ནས། ཏང་གིས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་སྟོབས་ཤུགས་བཀོད་སྒྲིག་དང་། འཛོམས་དགོས་པའི་ཆ་རྐྱེན་བཀོད་སྒྲིག ཤེས་ལྡན་པའི་དཔུང་ཁག་མ་ལག་ཅན་དང་མཐུན་སྦྱོར་ཅན་བཅས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་རྒྱལ་ཁབ་ཀྱི་ལམ་ལུགས་བཟང་ཆ་འདོན་སྤེལ་བྱེད་པ། ཚན་རྩལ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ཤུགས་རྐྱེན་བཟོ་བ་དང་ཚོད་འཛིན་ཐེབས་པའི་སྒྲིག་གཞི་དང་ལམ་སྲོལ་གྱི་འགལ་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་བ། ཁྱབ་ཁོངས་གཙོ་བོའི་འགག་གནད་ལག་རྩལ་གང་མགྱོགས་འགག་སྒྲོལ་བྱེད་པ། ཐོན་ལས་ཀྱི་དཀའ་ཚེགས་ཆེ་ས་འགག་སྒྲོལ་ནུས་ལྡན་བྱེད་པ། གསར་སྐྲུན་གོང་འཕེལ་གྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ་བཅས་བྱ་དགོས་པ་དང་། དཔལ་འབྱོར་འཁོར་རྒྱུག་བདེ་པོ་ཡོང་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཞིགས་ནས། འདྲ་མཉམ་འགྲན་རྩོད་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དེང་རབས་འཁོར་རྒྱུག་མ་ལག་འཛུགས་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་པ་སོགས་ཀྱི་ཐད་དེ་བས་དམིགས་སའི་རང་བཞིན་ཡོད་པའི་སྒྱུར་བཅོས་བྱ་ཐབས་འདོན་དགོས་པ་དང་། སྒྱུར་བཅོས་ཀྱི་ལས་དོན་ཁག་མཉམ་འདྲེས་མཉམ་མཐུད་དང་། ཆ་ཚང་བ་གཅིག་སྡུད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཞིགས་ནས། ནང་མཁོའི་མ་ལག་ཆ་ཚང་ཞིག་གང་མགྱོགས་གསོ་སྤེལ་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་འཛུགས་པ། མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་འཛུགས་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། ས་ཞིང་ལམ་ལུགས་དང་། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཡང་བསྐྱར་བགོ་འགྲེམ་བྱེད་པའི་སྙོམས་སྒྲིག་སྒྲིག་གཞི་འཐུས་ཚང་འཛུགས་པ། ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དམིགས་ནས། ཚོང་ཟོག་དང་། ཞབས་ཞུ། མ་དངུལ། ཤེས་ལྡན་མི་སྣ་སོགས་འཛོམས་དགོས་པའི་ཆ་རྐྱེན་ཁག་གི་འགྲོ་འོང་རྣམ་པའི་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་། ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲོམ་རར་འཇུག་འཐུས་དང་ལྟ་སྐུལ་དོ་དམ། ཐོན་དབང་སྲུང་སྐྱོང་། ཡིད་རྟོན་མ་ལག་སོགས་ཐད་ཀྱི་ཁྲིམས་ལུགས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གང་མགྱོགས་བསྐྲུན་པ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་གནོད་མེད་བརྗེ་སྒྱུར་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཞིགས་ནས། འབྱུང་ཁམས་དཔལ་ཡོན་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་ལམ་ལུགས་དང་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་འཛུགས་པ། ཐོན་ཁུངས་རིན་གོང་སྒྲིག་གཞི་ཆགས་རྒྱུ་འཐུས་ཚང་དུ་གཏོང་བ། གནོད་མེད་ཐན་ཉུང་འཁོར་རྒྱུག་གོང་འཕེལ་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ལོ ༢༠༣༠ ལོའི་གོང་ཐན་འབུད་བཤངས་བྱེད་ཚད་ཚད་གཞི་མཐོ་ཤོས་སུ་སླེབས་པའི་བྱ་སྤྱོད་ཇུས་གཞི་གཅིག་གྱུར་འཆར་འགོད་དང་བཟོ་བ་བརྒྱུད། གོང་འཕེལ་དེ་ཉིད་ནུས་ཕྱོད་ཆེན་པོས་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱེད་པ། དྲོད་ཁང་གི་རླངས་གཟུགས་འབུད་བཤངས་ཚོད་འཛིན་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག རང་རྒྱལ་གྱི་འབྱུང་འཕྲོད་གོང་འཕེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད་པ་རེད།
གྲོས་ཚོགས་ཐོག སྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། དེ་ཡང་གཅིག་ནི། ཆ་ལག་ཚང་བའི་འདུ་ཤེས་ཡོད་དགོས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་གོང་མཐོར་གཏོང་བ་དང་། རང་རྟོགས་ངང་འགྱུར་ལྡོག་ལ་ངོས་འཛིན་བྱེད་པ་དང་། འགྱུར་ལྡོག་ཡོང་རེ་བྱེད་པ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། གནས་བབ་ཧྲིལ་པོའི་མིག་རྒྱང་དང་མ་ལག་གི་བསམ་བློ་ཤུགས་ཆེར་གཏོང་བ། སྲིད་ཇུས་ལ་གཅིག་གྱུར་འཆར་འགོད་དང་། འཕེལ་རིམ་ལ་གཅིག་གྱུར་འཆར་འགོད། ཕན་འབྲས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་བཅས་ལ་སྒྱུར་བཅོས་བྱ་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་ཀྱི་ཁྱོན་ཡོངས་ནུས་འབྲས་འདོན་སྤེལ་བྱེད་དགོས། གཉིས་ནི། རྩོད་སྒྲུབ་ཀྱི་བསམ་བློ་ཡོད་དགོས། གནས་གཉིས་སྨྲ་བ་དང་གཙོ་གནད་སྨྲ་བ་གཉིས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་རྐང་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། གོང་འཕེལ་གྱི་གནས་བབ་གསར་པ་འཛུགས་སྐྱོང་བྱེད་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་སྒྱུར་བཅོས་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་གཙོ་གནད་ཐོག་འགག་སྒྲོལ་དང་སྣེ་ཁྲིད་བྱེད་དགོས། གསུམ་ནི། གསར་གཏོད་ཀྱི་འདུ་ཤེས་ཡོད་དགོས། སྒྱུར་བཅོས་མ་ལག་འདུས་གྲུབ་བྱེད་པར་འགའ་ཤས་ཀྲུང་དབྱང་གི་བང་རིམ་ཐོག་ནས་གཅིག་གྱུར་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་གནས་བབ་ཧྲིལ་པོར་སྐུལ་འདེད་གཏོང་དགོས་པ་དང་། ཡང་འགའ་ཤས་ནི་ས་གནས་གཞི་རིམ་གྱིས་སྔོན་ལ་འགག་སྒྲོལ་དང་སྔོན་ལ་འཛུགས་སྐྱོང་བྱ་དགོས་པ་སྟེ། དེ་ཡང་དོན་དངོས་གནས་ཚུལ་ལ་གཞིགས་ནས་སྐུལ་འདེད་གཏོང་དགོས། བཞི་ནི། གཟེར་འདེབས་ཀྱི་སྙིང་སྟོབས་ལྡན་དགོས། སྒྱུར་བཅོས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་པའི་གཙོ་ཐིག་དེར་དམ་འཛིན་ལེགས་པོ་བྱ་དགོས། དེ་ཡང་ཕྱོགས་གཅིག་ནས་སྔར་ཡོད་ལམ་ལུགས་ཀྱི་རྨང་གཞིའི་ཐོག་མུ་མཐུད་གསབ་སྣོན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ད་ཡོད་ཀྱི་ལམ་ལུགས་སྒྲོམ་གཞིའི་ནང་ལེགས་སྒྲིག་གང་ལེགས་བྱེད་པ། ལམ་ལུགས་ཀྱི་འགག་གནས་སེལ་བ་དང་། ལམ་ལུགས་དམ་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག དམངས་འཚོའི་ཚོང་ཟོག་གཙོ་བོའི་རིན་གོང་སྙོམས་སྒྲིག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བར། མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཞི་རྩའི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གཙོ་གནད་ཚོང་ཟོག་ཐོག་གཅིག་སྡུད་བྱེད་པ། ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་སོགས་ལྷུ་ཚིགས་མང་པོ་ཤར་བགྲོད་ཐུབ་རྒྱུར་དམ་པོར་གཞིགས་པ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དཔལ་འབྱོར་དང་། ཁྲིམས་ལུགས། སྲིད་འཛིན་སོགས་ཀྱི་སྣེ་མང་བྱ་ཐབས་བེད་སྤྱོད་བྱེད་པ། རིན་གོང་སྙོམས་སྒྲིག་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་ནུས་ལྡན་དང་སྤྱི་ཡོངས་རིན་གོང་བརྟན་པོ་ཡོང་རྒྱུར་འགན་སྲུང་ནུས་ལྡན་བྱ་དགོས་པའི་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རིང་། གཞུང་བཙུགས་སྨན་ཁང་གིས་ཛ་དྲག་ཆེ་ཤོས་དང་། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་སྨན་བཅོས་སྐྱོབ་བཅོས་ལས་དོན་དང་ལེན་བྱས་ཏེ་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཡོད། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ། བཅོས་འགོག་མཉམ་འདྲེས་དང་། བདེ་ཉེན་ཟུང་འབྲེལ། ཀྲུང་ཕྱིའི་གསོ་རིག་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དེང་རབས་སྨན་ཁང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ། མ་ལག་གསར་གཏོད་དང་། ལག་རྩལ་གསར་གཏོད། རྣམ་པ་གསར་གཏོད། དོ་དམ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་པ། སྤུས་དག་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་ཀྱི་དོ་སྙོམས་རྣམ་པ་གང་མགྱོགས་འགྲུབ་པ་བཅས་བྱས་ཏེ། སྔར་བས་ལེགས་པའི་སྒོ་ནས་སྤུས་ཀ་དག་ཅིང་ནུས་འབྲས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ཚབས་ཆེའི་རིམས་ནད་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་འགོག་སེལ་བྱ་རྒྱུ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བཅས་ཀྱི་ཆེད་དུ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག སྒོ་ཀུན་ནས་རྫོང་མན་གྱི་བྱ་གཞག་ཚན་པར་དོ་དམ་ལས་གནས་པའི་རིམ་སྤོར་ལམ་ལུགས་འཛུགས་དགོས་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་དང་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་བྱ་གཞག་ཚན་པའི་ལས་བྱེད་པའི་དཔུང་ཁག་འཛུགས་རྒྱུར་དམ་འཛིན་བྱེད་པ། ད་ཡོད་ཀྱི་ལས་བྱེད་པའི་རིམ་པ་ལེགས་སྒྱུར་བྱེད་པ། རྫོང་མན་གྱི་བྱ་གཞག་ཚན་པའི་ལས་བྱེད་པའི་རིམ་པ་དང་ལས་གནས་རིམ་པ་འོས་འཚམས་ཀྱིས་ལོགས་སུ་དབྱེ་བ། ཀུན་སྤྱོད་དང་ཡོན་ཚད་དང་། སྒེར་གྱི་མྱོང་ཐོབ། ལས་ཀའི་གྲུབ་འབྲས་བཅས་གཙོ་བོ་མངོན་པར་བྱེད་པའི་རིམ་སྤོར་ལམ་ལུགས་འཛུགས་པ། རྫོང་མན་གྱི་བྱ་གཞག་ཚན་པའི་དོ་དམ་མི་སྣའི་ལས་རིགས་གོང་འཕེལ་གྱི་བར་ཁམས་རྒྱ་ཆེར་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག སྨན་རྫས་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིབ་དཔྱད་ཞིབ་མཆན་འགོད་པའི་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ལྟ་སྐུལ་དོ་དམ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་ནུས་མཐོ། དབང་གྲགས་བཅས་ལྡན་པའི་སྨན་རྫས་ལྟ་སྐུལ་མ་ལག་འཐུས་ཚང་འཛུགས་པ་བཅས་བྱས་ནས་སྨན་རྫས་བདེ་འཇགས་ཀྱི་མཐའ་ཐིག་བརྟན་སྲུང་བྱ་དགོས། ཐེངས་འདིའི་རིམས་འགོག་གི་ཉམས་མྱོང་དང་ཐབས་ཤེས་ཆ་ཚང་བའི་སྒོ་ནས་ཕྱོགས་བསྡོམས་བྱ་དགོས་པ་དང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེ་གྲས་ཁྲོད་ཀྱི་ཞིབ་བཤེར་ཚད་ལེན་དང་། མ་ལག་ཞིབ་བཤེར། ཞིབ་དཔྱད་ཞིབ་མཆན། ལྟ་ཞིབ་ཚད་ལེན་གདེང་འཇོག ཛ་དྲག་བེད་སྤྱོད་སོགས་ཀྱི་ལས་དོན་སྒྲིག་གཞི་འཐུས་ཚང་འཛུགས་པ་བཅས་བྱས་ནས་སྨན་རྫས་ལྟ་སྐུལ་དོ་དམ་བྱེད་པའི་འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་སྒྲིག་གཞི་འཛུགས་པའི་འགག་རྩ་དེ་སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་འགྱུར་བའི་སྲིད་ཇུས་ལམ་ལུགས་དང་མ་ལག་འཛུགས་རྒྱུར་ཐུག་ཡོད། སྲུང་སྐྱོབ་སྔོན་འཇོག་དང་ལུགས་མཐུན་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་བློས་བཏང་ནས་སྐབས་ཤིག་རིང་གི་དཔལ་འབྱོར་འཕར་སྣོན་བརྩོན་ལེན་བྱེད་པའི་བྱེད་སྟངས་ཡོངས་སུ་དོར་དགོས་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་མཁན་ལ་ཕན་པ་ཐོབ་པ་དང་། བེད་སྤྱོད་མཁན་གྱིས་རིན་པ་སྤྲོད་པ། གཏོར་བཤིག་མཁན་གྱིས་གུན་གསབ་འཇལ་བ་བཅས་ཀྱི་ཁེ་ཕན་ཁྲིད་སྟོན་སྒྲིག་གཞི་འཛུགས་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གིས་དེའི་ནང་ལྷན་ཞུགས་བྱེད་པ། ཁྲོམ་ར་ཅན་གྱི་འཁོར་རྒྱུག་བྱེད་པ། རྒྱུན་མཐུད་རུང་བ་བཅས་ཀྱི་འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་འབྱུང་ཁམས་ཐོན་ལས་ཅན་དང་ཐོན་ལས་འབྱུང་ཁམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ནག་སེལ་གཤེད་བཅོམ་བྱེད་པའི་ཆེད་དོན་འཐབ་རྩོད་ཀྱི་གྲོང་ཚོའི་ཧམ་ཤེད་ཅན་སོགས་གནད་དོན་མངོན་གསལ་དོད་པ་རྣམས་ཐག་གཅོད་བཅོས་སྒྲིག་བྱེད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དང་ནུས་ལྡན་གྱི་བྱ་ཐབས་ཕྱོགས་སྡོམ་བསྡུ་ལེན་བྱ་དགོས་པ་དང་། བཅོས་འཛུགས་མཉམ་བཟུང་དང་། རྩ་ལག་མཉམ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམ་ཁག་ཏང་ཨུད་དང་ལྷག་པར་དུ་རྫོང་དང་ཤང་ཏང་ཨུད་ཀྱི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ། རྩ་འཛུགས་བང་རིམ་ནས་གྲོང་ཚོའི་ཧམ་ཤེད་ཅན་གྱི་གནད་དོན་སྔོན་འགོག་དང་བཅོས་སྒྲིག་བྱེད་པའི་ཕུགས་ཕན་སྒྲིག་གཞི་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཤང་གྲོང་དར་རྒྱས་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་བདེ་འཇགས་བརྟན་ལྷིང་ཆེ་བའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཁྲིམས་སྐྱོང་འཛུགས་སྐྱོང་ལ་གཅིག་ནས་མཇུག་སྣེ་འཛིན་པ་དང་ལྷག་པའི་གནད་དོན་ཐག་གཅོད་བྱ་དགོས་ལ། དེ་བས་མདུན་སྣེར་དམ་འཛིན་དང་གནད་དོན་སྔོན་འགོག་བྱ་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས་པ་དང་། ཞུ་གཏུག་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་སྒྲིག་གཞི་སྔོན་ལ་འཇོག་པ། ཁྲིམས་སྐྱོང་སྟོབས་ཤུགས་དེ་བས་མང་བ་ཁྲིད་སྟོན་དང་གསེད་བཀྲོལ་ཐད་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། འགལ་ཟླ་དང་རྩོད་གཞིའི་མགོ་ཁུངས་སྔོན་འགོག་དང་། རང་དགར་ཐག་གཅོད་བྱེད་པ། འགག་སྒོ་ནས་ཚོད་འཛིན་བཅས་བྱེད་དགོས་པ་དང་། སྔོན་འགོག་རང་བཞིན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྱུང་རྩ་ནས་ཞུ་གཏུག་བྱེད་ཚད་ཉུང་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་དཔེ་སྐྲུན་བྱས་འདུག ཞི་ཅིན་ཕིང་གིས་སྐབས༣༤པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ། ཀྲུང་དབྱང་སྐོར་གཟིཌ་ཚོཌ་ཆུང་བཅུ་པས་རང་ལྗོངས་ལ་སྐོར་གཟིཌ་ཀྱི་གནས་ཚུལ་ཚུར་ལན་སྤྲོད་པའི་ཚོཌ་འདུ་འཚོཌ།