ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་ཕེབས་ནས་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཕོ་བྲང་པོ་ཏ་ལར་རིག་དངོས་སྲུང་སྐྱོབ་བྱེད་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཕོ་བྲང་པོ་ཏ་ལ་ནི་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ ༧༠ ལྷག་ཙམ་གྱི་གྲས་ཤིག་ཡིན་པ་དང་།༡༩༩༤ ལོར༼འཛམ་གླིང་ཤུལ་བཞག་གི་མིང་གཞུང༽ནང་བཅུག་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་དང་ཁྱད་ཆོས་ཆེ་ཤོས་དེ་ཡིན། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་བར་མཐོངས་ཆེན་པོ་གསུམ་གྱི་བཀོད་པར་སྤྱི་འདོམས་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་བསྐྱང་རྒྱུར་མུ་མཐུད་སྣང་ཆེན་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཧུར་ཐག་གཏོང་བ། ས་མཐོའི་བདེ་སྐྱིད་ལྡན་པའི་སྡོད་མལ་གྲོང་ཁྱེར་བསྐྲུན་པ་བཅས་བྱས་ནས་གངས་ལྗོངས་ས་མཐོ་སྔར་བས་མཛེས་སྡུག་ལྡན་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་བ། ལོ་རྒྱུས་རིག་གནས་གནའ་གྲོང་གི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ལྷག་པར་མངོན་པ་བཅས་བྱེད་དགོས།
བདེ་ཡངས་ཤར་དང་། གཟིམ་ཆུང་ཉི་འོད་འཁྱིལ། གསེར་ཟངས་རྒྱ་ཕིབས་སོགས་སུ། ཝང་ཅུན་ཀྲེང་གིས་ཕོ་བྲང་པོ་ཏ་ལའི་སྐྲུན་དངོས་བཟོ་རྩལ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས། རིག་དངོས་ཤུལ་བཞག སྲུང་སྐྱོབ་ཉམས་གསོ་སོགས་ལ་གཟིགས་ཞིབ་ནན་ཏན་དང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
ནོར་བུ་གླིང་ཁ་ནི་ལྷ་སའི་གྲོང་མི་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྤྲོ་གསེང་ཡུལ་སྐོར་བྱེད་ཡུལ་གཙོ་བོ་ཞིག་རེད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་གསར་གཏོད་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན།བོད་ཀྱི་རིག་གནས་ཀྱི་རྨང་གཞི་ཟབ་པས། རིག་གནས་གསར་གཏོད་སོགས་གསར་དར་ཐོན་ལས་ལ་མདུན་ལམ་ཆེན་པོ་ཡོད། རང་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་དུས་རབས་དང་ཁྲོམ་རའི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་དང་། དེང་རབས་ཀྱི་ཚོང་གཉེར་འདུ་ཤེས་དང་བྱེད་ཐབས་གང་ལེགས་སྤྱོད་པ། རིག་གནས་བསམ་བཀོད་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱེད་པ། རིག་གནས་ཀྱི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། བོད་ཀྱི་རིག་གནས་གསར་གཏོད་ཀྱི་ཁྱད་ལྡན་སྤུས་རྟགས་མུ་མཐུད་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནོར་བུ་གླིང་ཁར་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བོད་ཀྱི་རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས། སྲུང་སྐྱོབ་བྱེད་པའང་སྲིད་དོན་ལས་རྗེས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རིག་དངོས་སྲུང་སྐྱོབ་ཀྱི་གཏོགས་ཁོངས་ཀྱི་དོ་དམ་བླང་བྱ་དང་ས་གནས་རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། རིག་དངོས་སྲུང་སྐྱོབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ། ཆེད་ལས་ཀྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཤུགས་ཆེན་གཏོང་བ། རིག་དངོས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་རིག་དངོས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རིག་དངོས་གནས་ཁུལ་གྱི་མེ་ཟོན་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཚན་རྩལ་སྟོབས་ཤུགས་ལ་བརྟེན་པ། རིག་དངོས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། རིག་དངོས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།།