རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཨ་རིའི་ཨའེ་ཨའོ་ཝ་མངའ་སྡེའི་མཛའ་གྲོགས་མི་སྣ། མཁྱེན་ལྡན་མ་ས་ལ·ལན་ཏིར་འཕྲིན་ལན་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས། ང་རང་མཛེས་སྡུག་ལྡན་པའི་ཨའེ་ཨའོ་ཝ་མངའ་སྡེར་འཚམས་འདྲིར་ཐངས་གཉིས་བཅར་མྱོང་ཡོད་ལ། མ་སི་ཁ་ཐིང་གྲོང་ཁྱེར་དང་ཡང་འབྲེལ་བ་ཟབ་མོ་བཙུགས་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཡིན་ཞིང་། མི་དམངས་ཀྱི་མཛའ་བཤེས་ནི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ཁར། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བར་རྨང་གཞི་གལ་ཆེན་ཡང་བཏིང་ཡོད། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་ཨ་རིའི་མི་དམངས་དང་མཉམ་དུ་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་བ་དང་། ཞི་ཅིན་ཕིང་ནས་མཁྱེན་ལྡན་མ་ལན་ཏི་དང་ཨའེ་ཨའོ་ཝ་མངའ་སྡེ་ཡི་གྲོགས་པོ་རྙིང་པ་ཚོས་མཛའ་གྲོགས་ཀྱི་ས་བོན་མུ་མཐུད་བཏབ་སྟེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བཤེས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།
མཁྱེན་ལྡན་མ་ས་ལ·ལན་ཏིས་སྤྱི་ལོ ༡༩༨༥ ལོར་སྐབས་དེ་དུས་ཧོ་པེ་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་གནང་བཞིན་པའི་ཞི་ཅིན་ཕིང་ནས་མ་སི་ཁ་ཐིང་གྲོང་ཁྱེར་དུ་འཚམས་འདྲི་གནང་བར་ཕེབས་དུས་སྣེ་ལེན་ཞུས་མྱོང་། སྤྱི་ལོ ༢༠༡༢ ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་གནང་བཞིན་པའི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་རིང་སླར་ཡང་ལན་ཏིའི་ཁྱིམ་དུ་ཕེབས་ནས་ཨ་རིའི་གྲོགས་པོ་རྙིང་པ་ཚོ་དང་ཐུག་འཕྲད་གནང་བ་རེད། ཉེ་ཆར། ལན་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོགས་པོ་རྙིང་པར་མཛའ་བཤེས་ཟབ་མོ་བཅངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་ཁབ་གཉིས་པོས་མི་ཆོས་རིག་གནས་ཀྱི་འགྲོ་འོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། ལན་ཏིས་འཕྲིན་ཡིག་དང་མཉམ་དུ་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཁོང་མོས་བྲིས་པའི་༼གྲོགས་པོ་རྙིང་པ་སྟེ། ཞི་ཅིན་ཕིང་དང་ཨའེ་ཨའོ་ཝའི་བར་གྱི་གཏམ་རྒྱུད་༽ཅེས་པ་ཞིག་སྤྲིངས་ཡོད་པ་རེད།།