སྤྱི་ཟླ ༣ པའི་ཚེས ༡ ཉིན་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་སྤྱི་ལོ ༢༠༢༣ ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྔ་ཕྱི་བར་གསུམ་དུ་འགྱུར་མེད་ཀྱི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ནི་ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱ་རྒྱུ་དེ་ཡིན་ཞིང་། རིམ་ཁག་ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་དེ་བརྟན་སྲུང་བྱེད་པ་དང་། ཡར་རྒྱས་ལྷུར་ལེན་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ཏིང་ཞུའེ་ཞང་མཛད་སྒོར་ཞུགས་ཡོད།
སྔ་དྲོའི་ཆུ་ཚོད ༡༠ པར་གྲོས་ཚོགས་འགོ་ཚུགས་པ་དང་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་སློབ་གྲྭའི་བྱ་གཞག་གིས་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་ཆབ་སྲིད་ཀྱི་ངེས་གནས་རེད་ལ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱ་ཡང་རེད། ཏང་གི་དར་ཆ་དར་ཆར་འཛིན་པ་དང་། ཏང་གི་འདོད་བློ་འདོད་བློར་བཟུང་བ། ཏང་གི་ལས་འགན་ལས་འགན་དུ་བརྩི་བ་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཏང་གི་རླབས་ཆེན་བྱ་གཞག་གསར་པ་དང་ཏང་འཛུགས་སྐྱོང་ནང་གི་རླབས་ཆེན་ལས་གཞིའི་ནང་རང་རྟོགས་ངང་གནད་ལ་འཁེལ་བའི་ངེས་གནས་འཛིན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ། ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཏང་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ལམ་ཕྱོགས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། ཏང་ནང་དུ་ཏང་ལ་དགའ་ཞེན་དང་། ཏང་ནང་དུ་ཏང་གླེང་བ། ཏང་ནང་དུ་ཏང་ལ་སེམས་ཁུར་བྱེད་པ། ཏང་ནང་དུ་ཏང་གི་ཆེད་ལས་དོན་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ་བཅས་ཀྱིས་བསམ་བློ་ཆབ་སྲིད་དང་བྱ་སྤྱོད་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ངེས་པར་དུ་ཏང་གི་སློབ་གྲྭའི་ལས་ཀ་དང་ཏང་གི་ལྟེ་བའི་ལས་འགན་གྱི་ཟུང་འབྲེལ་བྱེད་གནས་དང་། འགོ་ཚུགས་ས། ཤུགས་རྒྱག་ས་བཅས་གནད་ལ་འཕིགས་པོས་འཚོལ་བ་དང་། ཏང་གི་དགོས་མཁོར་རྩེ་གཅིག་ཏུ་དམིགས་པ་དང་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ། ཏང་ལ་ལས་བྱེད་པ་གང་འདྲ་ཞིག་དགོས་མཁོ་ཡོད་ན་ཏང་གི་སློབ་གྲྭས་ལས་བྱེད་པ་དེ་འདྲ་ཞིག་གསོ་སྐྱོང་བྱེད་ཐུབ་པ་དང་། ཏང་གིས་གནད་དོན་གལ་ཆེན་ཅི་ཞིག་ལ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་ན། ཏང་གི་སློབ་གྲྭས་ལས་ཀའི་ཕྱོགས་དེ་དག་ལ་ཐབས་འདོན་ཇུས་འབུལ་བྱེད་པའི་ཆེད་དུ་འབད་བརྩོན་བྱ་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་ཏང་གི་སློབ་གྲྭའི་དམིགས་བསལ་གྱི་རིན་ཐང་གནས་ས་ཡིན། ཏང་གི་སློབ་གྲྭ་ནི་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། ངེས་པར་དུ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་བའི་སྲིད་སྐྱོང་རྐང་འཛིན་པའི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས་པ་དང་། དུས་རབས་གསར་པར་རིག་གནས་ཁྲིད་སློབ་དང་། བྱ་གཞག་སྤེལ་བ། ཐེ་ཚོམ་སེལ་བ་བཅས་ཀྱི་ལས་ཀ་ལེགས་པར་སྒྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་ཐབས་ལམ་བརྒྱུད་སྤེལ་བྱེད་པ། བསྒྱུར་སྤེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ལེགས་པར་སྒྲུབ་པ། རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་དཀའ་གནད་ཡག་པོ་སེལ་བ་བཅས་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་ལྟེ་བ་ཡིན་པ་དང་། རིགས་པའི་གཞུང་ལུགས་ཐད་ཀྱི་འཐུས་ཚང་ནི་ཆབ་སྲིད་ཐད་འཐུས་ཚང་ཡོང་བའི་རྨང་གཞི་ཡིན་པ། ཆབ་སྲིད་ཐད་ཀྱི་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་ཞིག་ཡིན། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན། མར་ཁེ་སི་རིང་ལུགས་ཞེས་པའི་ཁྱིམ་སྐྱོང་འཇོན་ཐང་ཇི་ཙམ་གྱིས་ཁོང་དུ་བརྟན་པོ་ཆུད་པར་གྱུར་ན། ཆབ་སྲིད་ཀྱི་ངེས་གནས་དེ་ཙམ་གྱིས་མཐོ་བ་ཡོང་ཐུབ་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་དེ་ཙམ་གྱིས་ཆེ་བ་ཡོང་ཐུབ་པ། དུས་བབ་ལ་ལྟ་ཞིབ་དང་། འཕེལ་རྒྱས་ལ་འཆར་འགོད། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་ཀྱི་རང་འགུལ་དེ་བས་ཆེ་བ་ཡོང་ཐུབ། ཏང་གི་སློབ་གྲྭས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་ཚུལ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བློ་སྟོབས་འཕེལ་བར་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་ཞུན་བརྡར་བྱེད་པའི་ཞུན་ཐབ་ཆེན་པོ་ལྟ་བུ་ཞིག་ཡིན། རིམ་ཁག་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བརྩིས་ནས། ཕུགས་འདུན་དད་སེམས་དང་། ཏང་གི་དམིགས་འབེན། ལོ་རྒྱུས་བཞི་གསར་བརྗེའི་སྲོལ་རྒྱུན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་། ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་ལ་སོགས་པའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུ་དེ་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཐོག་འགོ་ཁྲིད་ལས་བྱེད་པས་བསམ་བློའི་གོ་རྟོགས་དང་། བསམ་བློའི་གནས་ཚད། ཀུན་སྤྱོད་བློ་སྦྱོང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་པ་བཙུགས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པར་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཕྱོགས་ཁག་གི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་རང་འཁྲིའི་ལས་འགན་སྒྲུབ་མཁས་པ་ཞིག་ཏུ་འགྱུར་བ་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དངོས་གཉེར་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་ནུས་པ་གསོ་སྦྱོང་སྒྲིག་འཛུགས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་སེལ་བའི་འཇོན་ཐང་བཅས་གཙོ་གནད་ཐོག་ཆེ་རུ་གཏོང་བ། དུས་མཚུངས་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་པ་དང་དཀའ་གནད་སེལ་བ། འགྲན་སློང་བསུ་བ། གནོན་ཤུགས་འགོག་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་འགོ་ཁྲིད་ཀྱི་ལས་འགན་དེ་བས་ལེགས་པ་འཁུར་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་བསམ་བློ་རིགས་པའི་གཞུང་ལུགས་འཐབ་ཕྱོགས་ཀྱི་ངོས་ཕྱོགས་དཔུང་ཚོགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཏང་ལ་ཐབས་ཇུས་འདོན་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཐབས་ཇུས་ཞིབ་འཇུག་བྱེད་པའི་ཆོས་ཉིད་འཚོལ་ཞིབ་དང་རྒྱལ་སྐྱོང་སྲིད་འཛིན་ལ་ཕན་པའི་ཤེས་བྱ་ཡག་པོ་སྦྱོང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་འཆད་འགྲེལ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད། ཏང་དང་སྲིད་གཞུང་ལ་ཐབས་འདོན་ཇུས་འབུལ་སོགས་ཀྱི་ཐད་སྤུས་ཚད་མཐོ་བའི་གྲུབ་འབྲས་ཐོབ་པ་བྱེད་དགོས། འདི་ཡང་ཏང་གི་སློབ་གྲྭའི་ཐུན་མོང་མ་ཡིན་པའི་རིན་ཐང་གནས་ས་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འཐབ་ས་མདུན་མ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་མར་ཁེ་སི་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་ལག་ཏུ་སྟངས་འཛིན་བྱེད་དགོས། ཏང་གི་སློབ་གྲྭས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཁུངས་མེད་ལོག་བཤད་སྣ་ཚོགས་ལ་དམིགས་ས་ཡོད་པའི་སྒོ་ནས་དགག་པ་བརྒྱབ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ཁྲིད་སྟོན་གོ་གནས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་མཁན། ཏང་གི་འདུ་ཤེས་འཛིན་སྟངས་ཀྱིས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་པའི་བློས་འགེལ་ཆོག་པའི་གྲལ་འགོའི་དམག་མི་ཡག་པོ་བཅས་བྱ་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དང་རིག་གཞུང་གི་ཚད་གཞི། སློབ་ཁྲིད་ཀྱི་ཚད་གཞི། དོ་དམ་གྱི་ཚད་གཞི་བཅས་ནན་པོ་བསྲུངས་ནས། ཚུལ་མིན་སྤྱོད་ཚུལ་གྱི་གཙང་དག་བཟོ་ཆས་དང་། ཏང་གཤིས་སྦྱོང་བརྡར་གྱི་ཞུན་ཐབ་ཆེན་པོ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕྱོགས་སྟོན་ཚད་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གི་སློབ་གྲྭའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། ཏང་གི་སློབ་གྲྭའི་དགེ་རྒན་ནས་རྩེ་གཅིག་གིས་སློབ་གཉེར་ལ་གཞོལ་བ་དང་ལྷག་བསམ་རྣམ་དག་གིས་འདྲི་རྩད་བྱེད་པ། སེམས་ཤུགས་ཡོད་རྒུས་མི་སྣ་སྐྱོང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། རིམ་ཁག་ཏང་གི་སློབ་གྲྭས་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ་བྱས་ཏེ། སློབ་མ་རྣམས་ཏང་གི་སློབ་གྲྭར་སླེབས་མ་ཐག་སློབ་སྦྱོང་གི་རྣམ་པ་དང་། བབ་ཆགས་ཀྱི་རྣམ་པ། སྤྱོད་གཙང་གི་རྣམ་པ་བཅས་མྱོང་ཚོར་ཐུབ་པ་བྱ་དགོས། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་དེ་སློབ་གཉེར་སློབ་སྐྱོང་གི་སྲོག་རྩའི་ལས་གྲྭར་བརྩིས་ནས་ཚད་གཞི་མཐོ་བའི་སློབ་གཉེར་མཐའ་འཁྱོངས་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་གི་འགག་རྩ་དེ་དམ་འཛིན་ཡག་པོ་བྱས་ནས་ཤེས་ལྡན་མི་སྣར་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། ཏང་གིས་ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་རང་རེའི་ཏང་གིས་ཏང་གི་སློབ་གྲྭ་གཉེར་བའི་རྩ་བའི་ཉམས་མྱོང་ཡིན་ལ་ཏང་གི་སློབ་གྲྭའི་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་འཛུགས་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་འགན་ནུས་ཚན་པ་བཅས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཁྲེན་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་ངོ་ ༩༠ ཡི་ལོ་རྒྱུས་གྲུབ་འབྲས་དང་འོད་སྟོང་འབར་བའི་བྱས་རྗེས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་ཡོད་པ་དང་། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་གནང་ཡོད། དེ་ནི་དུས་རབས་གསར་པར་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། རིམ་ཁག་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་གི་སློབ་གྲྭའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།
གྲོས་ཚོགས་དེ་རྔམ་བརྗིད་ལྡན་པའི༼རྒྱལ་སྤྱིའི་གླུ་དབྱངས༽ཁྲོད་མཇུག་སྒྲིལ་ཡོད།
ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། ལིའུ་ཅིན་གོ་བཅས་གྲོས་ཚོགས་ལ་ཞུགས་ཡོད།
ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་ཀྲུང་གོའི་ཕུའུ་ཏུང་དང་། ཅིན་ཀང་ཧྲན། ཡན་ཨན་བཅས་ཀྱི་ལས་བྱེད་པའི་སློབ་གླིང་གི་འགོ་ཁྲིད་ཚན་པའི་ཁོངས་མི། དེ་བཞིན་དགེ་རྒན་ལས་བྱེད་པའི་འཐུས་མི། སློབ་གྲྭར་ཡོད་མུས་ཀྱི་སློབ་མ། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དེ་སྔའི་སློབ་གྲྭའི(སློབ་གླིང་)འགོ་ཁྲིད། ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་པའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཀྲུང་གོའི་ཕུའུ་ཏུང་དང་། ཅིང་ཀང་ཧྲན། ཡན་ཨན་བཅས་ཀྱི་ལས་བྱེད་པའི་སློབ་གླིང་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་གྲོས་མོལ་ཚོཊ་འདུ་འཚོཊ། སྤྱི་ཁྱབ་ཧྲུའུ་ཅི་ནི་མང་ཚོགས་ཀྱི་སྙིང་ཉེ་ཤོས་ཀྱི་མི་དེ་ཡིན། ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ། ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས་པ།