ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཟླ ༢ ཚེས ༢༨ ཉིན་ཀྲུང་ནན་ཧའེ་རུ་དམངས་གཙོའི་གྲོས་མོལ་ཚོགས་འདུ་འཚོགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་དང་། ཀྲུང་གུང་ཀྲུང་དབྱང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོ་བཅས་ཀྱི་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ལ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་བསམ་འཆར་གསན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པ་དང་། དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་ཀར་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་སྒྲིག་འཛུགས་ཀྱི་གྲུབ་གཞི་ལེགས་སུ་གཏོང་རྒྱུ། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་ལས་ཁུངས་འཐུས་ཚང་དུ་གཏོང་རྒྱུ། ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ། ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་མཉམ་བསྲེས་ལ་ཤུགས་སྣོན་རྒྱག་རྒྱུ། ལས་རིགས་མཐུན་ཚོགས་དང་། སློབ་ཚོགས། ཚོང་ཚོགས་བཅས་ཀྱི་ཏང་འཛུགས་ལས་དོན་གྱི་དོ་དམ་ལམ་སྲོལ་ལེགས་སྒྲིག་བྱ་རྒྱུ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་པ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག༼ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་(འཆར་ཟིན)༽གྲུབ་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་བྱ་རྒྱུའི་ནང་དོན་ཁག་གཅིག་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། སྤྱི་ཡོངས་ནས་བལྟས་ན། ད་ཐེངས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་བྱ་རྒྱུ་དེ་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་འབུར་དུ་ཐོན་པ་བྱེད་པ་དང་། དམིགས་སའི་རང་བཞིན་ཅུང་ཆེ་བ། ཤུགས་ཚད་ཅུང་ཆེ་བ། ཁྱབ་རྒྱ་ཅུང་ཆེ་བ། ཁེ་ཕན་དང་འབྲེལ་བ་ཅུང་ཟབ་ཅིང་། སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་དཀའ་གནད་གནད་དོན་གལ་ཆེན་འགའ་ཞིག་ཐག་གཅོད་ནུས་ལྡན་བྱ་རྒྱུ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་སྐོང་ཚོགས་བྱ་གྲབས་ཡོད། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣ་བདམས་ཐོན་བྱ་རྒྱུ་དེ་ནི་ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་མི་དོན་བཀོད་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་ནང་གྲོས་དང་བསམ་འཆར་ལ་ཉན་ཡོད། ནང་གྲོས་བྱེད་པའི་བརྒྱུད་རིམ་ནང་། ཚང་མས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣ་བདམས་ཐོན་བྱེད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པ། ཏང་གི་འགོ་ཁྲིད་དང་མི་དམངས་ནས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གོང་དུ་བཀུར་བ། ཕྱོགས་བཞི་མཚམས་བརྒྱད། མཛངས་མི་ཁོ་ན་བསྐོ་བཞག་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་བསམ་པ་རྣམ་དག་དང་དྭངས་གཙང་འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། འོས་འདེམས་མི་སྣའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ། སྣང་བརྙན་གྱི་འགག་སྒོ་བཅས་ནན་པོ་སྲུང་དགོས་པའི་ངོས་འཛིན་བྱས་ཡོད། བསམ་འཆར་ལ་གང་ལེགས་གསན་པའི་རྨང་གཞིའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འོས་འདེམས་མི་སྣའི་ཆ་རྐྱེན་དང་ཕྱོགས་ཁག་གི་གྲུབ་གཞིའི་བླང་བྱ། དེ་བཞིན་ལས་ཀའི་དགོས་མཁོ་བཅས་ལ་ཁྱོན་ཡོངས་ནས་བསམ་གཞིགས་བྱས་ཏེ་གྲོས་འགོའི་མིང་ཐོ་བཏོན་ཡོད་པ་མ་ཟད་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་ཅེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཐེངས་འདིའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཐོག བསམ་བློ་དང་བྱ་སྤྱོད་བསྒྱུར་བཅོས་ཇུས་གཞིའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བསྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། ཚོགས་ཆེན་གཉིས་དེ་དམངས་གཙོ་མཐུན་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་སྒོ་ནས་འཚོགས་རྒྱུའི་ཐུགས་རེ་གནང་ཡོད་ཅིང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནས་བབ་གསལ་རྟོགས་དང་སེམས་ཤུགས་བརྒྱུད་སྤྲོད་བྱས་ཐོག རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། དམིགས་ས་ཡོད་པའི་སྒོ་ནས་དོགས་སེལ་དང་སློབ་གསོ་ཁྲིད་སྟོན་ཡག་པོ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཕྱིར་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཝུའེ་སོགས་ཀྱིས་གཏམ་བཤད་གནང་བ་རེད། ཁོང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་དང་། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོ་ཚང་མ་ནི་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་དང་ནང་གྲོས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་ཡིན་ཞིང་། དེས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོན་པ་དང་། དེ་ཉིད་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བསྟན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་དམངས་གཙོ་ཏང་ཤོག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཝང་ཁྲེན་དང་། ཧྲི་ཐའེ་ཧྥུང་། ལི་ཀན་ཅེ། ཧོ་ལི་ཧྥུང་། ཀྲང་ཆིང་ལི། ཁྲེན་ཞི་བཅས་དང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།
ཚོགས་འདུར་ཞུགས་མཁན་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཁྲེན་ཀྲུའུ་དང་། དབན་ཀང་། ཁྲེན་ཞའོ་ཀོང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧྲའོ་ཧུང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན། ཀྲང་ཨེན་ཏི། ལི་ཡུའེ་ཧྥུང་། ཀྲོའུ་ཀྲུང་ཧོ་བཅས་ཡོད་པ་རེད།།