གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ལ་མ་ཧྥུ་ས་དང་ལྷན་དུ་གསར་འགོད་པ་དང་ཐུག་འཕྲད་གནང་།

སྤེལ་དུས་: 2023ལོ་08ཟླ་23ཚེས་ 18:05 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ ༨ ཚེས ༢༢ ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལེ་ཐོ་ལི་ཡའི་ཙུང་ཐུང་ལས་ཤག་ཏུ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་རྗེས་ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཙུང་ཐུང་ལ་མ་ཧྥུ་སས་གདན་ཞུ་གནང་བ་ལྟར།འཇའ་ཚོན་རྒྱལ་ཁབ་ཅེས་བརྗོད་པའི་མཛེས་སྡུག་ལྡན་པའི་ལྷོ་ཨ་ཧྥེ་རི་ཁར་སླར་ཡང་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ནི་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཞུ་ཐེངས་བཞི་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༢༥ འཁོར་བའི་ལོ་ཞིག་རེད། ལོ་ངོ་ ༢༥ རིང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཐེབས་པ། ཕྱོགས་མང་མཉམ་ལས་དེ་བས་དམ་ཟབ་བྱུང་ཡོད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་ནི་ཕྱོགས་གཉིས་ཁྱབ་ཁོངས་ལས་ཡོངས་སུ་བརྒལ་ཏེ་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན་ལྡན་ཤུགས་ཇེ་ཆེར་ཕྱིན་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལྷོ་ཨ་ཧྥེ་རི་ཁས་ཀྱང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བདག་ངང་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ད་གིན་ངས་ཙུང་ཐུང་ལ་མ་ཧྥུ་ས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་ཞུས་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་བསམ་འཆར་བརྗེ་རེས་ཞུས་ཤིང་། ཐུན་མོང་ངོས་འཛིན་གལ་ཆེན་བྱུང་། ང་ཚོས་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་གལ་ཆེན་རབ་དང་རིམ་པར་མིང་རྟགས་བཀོད་པར་བདེན་དཔང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བའི་མདུན་ལམ་ལ་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་དང་ཙུང་ཐུང་ལ་མ་ཧྥུ་ས་གཉིས་ཀས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་རོགས་ཟླ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་ཡག་པོ་རྒྱུན་འཁྱོངས་བྱས་ཐོག ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་ཚོ་ཚང་མས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་གཉིས་ཕན་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་རོགས་ཟླ་ཞིག་བྱ་རྒྱུའི་ཐད་མོས་མཐུན་བྱེད་ཀྱི་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ལས་གྲ་ཁག་དགུ་དང༼ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་ལོ་བཅུའི་མཉམ་ལས་འཐབ་ཇུས་འཆར་འགོད༽དོན་འཁྱོལ་བྱ་རྒྱུ་གཙོ་བོར་འཛིན་ནས། བཟང་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས།  ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུར་མུ་མཐུད་ལྕག་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གློག་ཤུགས་དང་། ནུས་རྒྱུ་གསར་པ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་ཚོ་ཚང་མས་དམངས་སེམས་གཅིག་མཐུན་ཡོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ལྡན་པའི་རོགས་ཟླ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ང་ཚོས་མཉམ་ལས་ཁྲོད་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ལས་རིགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གཞོན་ནུའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་པར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་པོས་སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་ཚོས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་གཉིས་ཀ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་པས་ཕྱོགས་གཉིས་པོས་དྲང་བདེན་སྲུང་སྐྱོང་བྱེད་མཁན་གྱི་གོ་ལ་ཧྲིལ་པོའི་རོགས་ཟླ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། གོ་ལ་ཧྲིལ་པོའི་ལྷོ་རྒྱུད་ཅེས་པའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་བཟུང་བའི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་རྒྱུའི་ལས་དོན་ཐད་འདི་ལོར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་རྒྱབ་སྐྱོར། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ལྷོ་ཨ་ཧྥེ་རི་ཁས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་འགོ་ཚུགས་གྲབས་ཡོད། མིག་སྔའི་དུས་བབ་འོག་ད་རེས་ཀྱི་ཐུག་འཕྲད་གྲོས་མོལ་དེས་འབོ་གསེར་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབོ་གསེར་མཉམ་ལས་སྒྲིག་གཞི་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ལྷོ་ཨ་ཧྥེ་རི་ཁས་ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་གྲ་སྒྲིག་བྱ་ཆེད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་ལེགས་འགྲུབ་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཚེས ༢༤ ཉིན། ང་དང་ཙུང་ཐུང་ལ་མ་ཧྥུ་སས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་གྲོས་ཚོགས་གཙོ་སྐྱོང་བྱ་རྒྱུ་ཡིན། འདི་ནི་ཏོག་གསར་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཙོ་བདག་ནས་མཉམ་སྡེབ་ཐོག་ཐུག་འཕྲད་བྱེད་ཐེངས་དང་པོ་དེ་རེད། ང་ཚོས་ཚོགས་འདུའི་ནང་ཞུགས་མཁན་གྱི་ཨ་ཧྥེ་རི་ཁའི་འགོ་ཁྲིད་གཞན་དང་ལྷན་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་འཆར་འགོད་གསར་པ་མཉམ་དུ་བཀོད་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཆེད་སྒུལ་ནུས་གསར་པ་སྣོན་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་གསུངས་གནང་ཡོད།

ལ་མ་ཧྥུ་ས་ཡིས། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དབར་ཕྱི་འབྲེལ་བཙུགས་ནས་ལོ ༢༥ འཁོར་བའི་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་གནང་བར་ཕེབས་པར་བསུ་བ་ཞུ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ལྷོ་ཨ་ཧྥེ་རི་ཁའི་མི་དམངས་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ལྷོ་ཨ་ཧྥེ་རི་ཁས་རིགས་རྒྱུད་ལོག་དབྱེར་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་རྩ་ཆེའི་རྒྱབ་སྐྱོར་གནང་བ་མ་ཟད། ལྷོ་ཨ་ཧྥེ་རི་ཁས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་ཆེད་སྨན་བཅོས་ཀྱི་རོགས་སྐྱོབ་དངོས་པོ་འབོར་ཆེན་མཁོ་འདོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་བསྐྱར་བཤད་བྱས་ཡོད། ང་ཚོས། ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་དང་། ཡུལ་སྐོར། སློབ་གསོ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྔར་བས་རྒྱ་སྐྱེད་བཏང་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་རྒྱལ་སྤྱིའི་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མོས་མཐུན་བྱས་ཡོད། ཀྲུང་གོའི་ཕྱོགས་ནས། ལྷོ་ཨ་ཧྥེ་རི་ཁས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་གཉེར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབོ་གསེར་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་པའི་ཐུན་མོང་འབད་བརྩོན་འོག འབོ་གསེར་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་བཅོས་སྐྱོང་ཁྲོད་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས། དེ་བས་འདྲ་མཉམ་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད། ང་རང་ནས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་གྲོས་ཚོགས་གཙོ་སྐྱོང་བྱས་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱ་རྒྱུ་ཡིན་པས། དེས་ཨ་ཧྥེ་རི་ཁས་བཟོ་ལས་ཅན་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་རོགས་སྐྱོར་ཐུབ་རྒྱུ་དང་། གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་ཁག་གི་ཐུན་མོང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ། ཀྲུང་གུང་ཀྲུང་དབྱང་གིས་འབྲུབ་འགོག་སོཊ་ལས་དོན་ཐད་བཀོད་སྒྲིག་གནང་། ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་མཆན་བཀོད་མཛུབ་སྟོན་གནང་བ། ཝང་ཅུན་ཀྲེང་གིས་བློ་བཟང་རྒྱལ་མཚན་བཅས་པ་དང་བཞུགས་མོལ་གནང་བ།