གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་བ།

སྤེལ་དུས་: 2023ལོ་08ཟླ་23ཚེས་ 17:25 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ས་གནས་དེ་གའི་དུས་ཚོད་ཟླ ༨ ཚེས ༢༢ ཉིན་གྱི་སྔ་དྲོ། ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡའི་ཙུང་ཐུང་ལས་ཤག་ཏུ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་དུས་རབས་གསར་པའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་གོང་འཕེལ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་དང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་འཛུགས་སྐྱོང་བྱེད་པར་མགྲིན་དབྱངས་གཅིག་གྱུར་ཐོག་ནས་མོས་མཐུན་གནང་ཡོད།

ཟླ་བ ༨ པའི་ཕི་རི་ཐོ་རི་ཡའི་ནམ་མཁའ་སྔོ་ཞིང་དྭངས་ལ་བསིལ་རླུང་དལ་གྱིས་ལྡང་བ་དང་། ཙུང་ཐུང་ལས་ཤག་གི་ཐང་ཆེན་ཐོག་མེ་ཏོག་རྣམ་པར་བཞད་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

ཙུང་ཐུང་སྦག་སྦག་རུ་ཁག་གི་སྐུ་སྲུང་འོག་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཙུང་ཐུང་ལས་ཤག་ཏུ་འབྱོར་བ་དང་། ལ་མ་ཧྥུ་ས་རླངས་འཁོར་འཇོག་སར་ཕེབས་ནས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། གཟབ་སྦྲེང་རུ་ཁག་གིས་གུས་ལུགས་མཚོན་པར་བྱས་པ། དམག་དཔུང་རོལ་ཆ་རུ་ཁག་ནས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ། ས་ཡུལ་དངོས་སུ་རྟེན་འབྲེལ་མེ་སྒྱོགས་ཐེངས ༢༡ བརྒྱབ་ཡོད། ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་རེ་རེ་བཞིན་ཕྱག་བཏང་གནང་ཡོད།

དགའ་བསུ་ཞུ་བའི་མཛད་སྒོ་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གྲོས་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ད་རེས་ནི་ང་རང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཐོབ་ཐང་ཐོག་ནས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲིར་ཡོང་ཐེངས་བཞི་པ་དེ་ཡིན། ལོ་བཅུའི་ནང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་ང་རང་གིས་མིག་མཐོང་ལག་ཟིན་ཐུབ་བྱུང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་ལྟ་བུའི་ཡག་པོ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་དེ་ལྟ་བུའི་གཏིང་ཟབ་པ་ཞིག་ཡིན་པའི་འགག་རྩ་དེ་རྒྱལ་ཁབ་གཉིས་པོ་དང་ཏང་གཉིས་པོས་རང་ངོས་གོང་འཕེལ་གྱི་བགྲོད་ལམ་ཐོག་བདེ་སྡུག་མཉམ་མྱོང་བྱས་པ་དང་། དམ་ཚིག་མཐུན་པའི་མཛའ་གྲོགས་བཙུགས་པར་ཐུག་ཡོད། མིག་སྔའི་ཆར། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལྷོ་ཨ་ཧྥེ་རི་ཁས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་དང་ལྷན་དུ། མཛའ་གྲོགས་རྒྱུན་འཛིན་ཡག་པོ་དང་། མཉམ་ལས་ཟབ་གཏོང་། མཐུན་སྦྱོར་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས། ཀྲུང་གོ་དང་ལྷོ་ཨ་ཁེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས་དོན་འདིའི་ཐད་གཤམ་གྱི་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ།

དང་པོ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་ཀྱི་རོགས་ཟླ་བྱེད་དགོས། བློ་མཐུན་ཡིན་ལ་གཅེན་གཅུང་ཡང་ཡིན་པ་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་ངོ་བོ་ཡིན་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་དང་། སྲིད་ཏང་། དམག་དཔུང་། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་དང་མཉམ་དུ་ཏང་དབར་གྱི་སྤེལ་རེས་དང་གསོ་སྦྱོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཚོགས་ཆེན་གྱིས་ཨ་ཧྥེ་རི་ཁའི་འགོ་ཁྲིད་ནུས་པའི་སློབ་གླིང་འཛུགས་སྐྱོང་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད།

གཉིས་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་ཐུན་མོང་ཐོག་ཡར་རྒྱས་འགྲོ་བའི་གོང་འཕེལ་གྱི་རོགས་ཟླ་བྱེད་དགོས། གཉིས་ཕན་མཉམ་རྒྱལ་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གཞི་མདངས་མངོན་གསལ་དོད་པོ་ཞིག་རེད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་འཆར་འགོད་དགུ་དང་༼ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་ལོ་བཅུའི་མཉམ་ལས་འཐབ་ཇུས་འཆར་འགོད༽དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། བཟང་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་དུ་གཏོང་བ། མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁའི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། དབུལ་པོ་ཉུང་གཏོང་དང་ཞིང་ཕན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ལྷོ་ཨ་ཧྥེ་རི་ཁར་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ལག་ལེན་བསྟར་རྒྱུར་རོགས་རམ་བྱེད་འདོད་ཡོད།

གསུམ་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་ཕན་ཚུན་རྒྱུས་མངའ་དང་ཕན་ཚུན་མཛའ་བརྩེ་ཟབ་པའི་རོགས་ཟླ་བྱེད་དགོས། དམངས་སེམས་གཅིག་མཐུན་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཀྲུང་གོས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མནའ་འབྲེལ་དང་། འབྱུང་འགྱུར་ཨ་ཧྥེ་རི་ཁ་དང་-ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མཉམ་ལས་འཆར་གཞི་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ། རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། གཞོན་ནུའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ལྷོ་ཨ་ཧྥེ་རི་ཁས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་དགོས་མཁོ་ཆེ་བའི་རིགས་ཁག་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་ལས་ཁུངས་དང་ཁེ་ལས་ཀྱིས་ལག་རྩལ་མཉམ་ལས་དང་མཉམ་འབྲེལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ནས། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས།

བཞི་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་དྲང་བདེན་སྲུང་སྐྱོང་བྱེད་པའི་གོ་ལ་ཧྲིལ་པོའི་རོགས་ཟླ་བྱེད་དགོས། རང་བཙན་རང་བདག་ནི་ང་ཚོས་ཐུན་མོང་ཐོག་སྲུང་བའི་རྩ་དོན་ཡིན། ལྷོ་ཨ་ཧྥེ་རི་ཁས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་ཐུབ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལྷོ་ཨ་ཧྥེ་རི་ཁ་སོགས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་ལག་བསྟར་བྱ་རྒྱུ། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱ་རྒྱུ་དང་། གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་བཟུང་བའི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་། འབྲུ་རིགས་བདེ་འཇགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་སོགས་ཀྱི་གནད་དོན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་གོང་འཕེལ་གྱི་བར་ཁམས་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་ཡིན།

ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་ནང་། འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་འབོ་གསེར་སྙིང་སྟོབས་ཐོག་ནས་ལམ་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། ས་ཁོངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་གོང་འཕེལ་གཏོང་བའི་ངོ་མཚར་གཏམ་རྒྱུད་བཏོད་ཡོད་པས། དེ་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཉམ་ལས་བྱེད་པའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷོ་ཨ་ཧྥེ་རི་ཁས་ད་ཐེངས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ལ་གྲ་སྒྲིག་ཨང་གསར་བྱས་འདུག་པས། ང་རང་གིས་དོན་དེར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་རང་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་དུས་རབས་གསར་པའི་འབོ་གསེར་གྱི་མཐུན་སྒྲིལ་གོང་འཕེལ་གྱི་ཇུས་གཞི་ཆེན་མོར་མཉམ་གྲོས་བྱས་ནས། ཐུག་འཕྲད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་ཉིད་སྔར་བས་གཞུང་དྲང་ལུགས་མཐུན་གྱི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས།ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་ད་བར་ལས་དབང་གཅིག་མཐུན་མ་ལག་ཡིན། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་གི་མདུན་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་དེ་སྔའི་དུས་གང་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་རང་སྤེལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། ཨ་ཧྥེ་རི་ཁ་གླིང་གིས་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ངས་སྐུ་ཉིད་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་ཞུས་ནས། ཚོགས་ཞུགས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཐུན་སྒྲིལ་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་རྒྱུ་དང་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་འགུག་བྱེད་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།

ལ་མ་ཧྥུ་སས། ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་གནང་བར་ཕེབས་པར་སྣེ་ལེན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལྷོ་ཨ་ཧྥེ་རི་ཁས་མི་རིགས་རང་བཙན་བཅིངས་འགྲོལ་དང་རྒྱལ་ཁབ་གོང་འཕེལ་གྱི་འཕེལ་རིམ་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་པའི་ཁྲོད་ཀྲུང་གོས་རྩ་ཆེའི་རྒྱབ་སྐྱོར་བྱས་ཤིང་།ཏོག་གསར་རིམས་ནད་སོགས་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་རོགས་རམ་ཆེན་པོ་བྱས་ཡོད་པས། ལྷོ་ཨ་ཧྥེ་རི་ཁའི་ལྷག་བསམ་དག་པའི་གྲོགས་པོ་དང་། རོགས་ཟླ། སྤུན་ཟླ་བཅས་ཡིན། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རང་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་དར་རྒྱས་དོན་གཉེར་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་བྱ་དོན་གལ་ཆེན་མང་པོའི་ཐད་ལངས་ཕྱོགས་གཅིག་པའམ་འདྲ་མཚུངས་འཛིན་གྱི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༢༥ སོང་རིང་། ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད་པ། བང་རིམ་ཁག་གི་འགྲོ་འོང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་མ་འཇོག་དང་མཉམ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་ཁག་གི་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོ་བཏོད་པར་ལྷོ་ཨ་ཧྥེ་རི་ཁས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཏང་བཅོས་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་རྣམ་པའི་དབུལ་ཕོངས་ཉུང་གཏོང་གི་ཚོད་ལྟའི་མཉམ་ལས་བྱེད་པ། ཉོ་ཚོང་དང་། མ་འཇོག ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་སྐྲུན་ལས་རིགས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ལ་མ་ཧྥུ་སས། དེང་སྐབས་ཀྱི་འཛམ་གླིང་ལ་ས་ཁམས་ཆབ་སྲིད་དང་ནུས་རྒྱུའི་ཉམས་ཉེན་སོགས་ཛ་དྲག་ཅིང་རྙོག་འཛིང་ཆེ་བའི་འགྲན་སློང་མང་པོ་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མཉམ་ལས་མཉམ་རྒྱལ་གྱི་འདོད་ཚུལ་ལ་ང་རྦད་དེ་མོས་མཐུན་ཡོད། ལྷོ་ཨ་ཧྥེ་རི་ཁ་དང་གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་གཞན་དག་ཚང་མས་ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་འགྲན་རྩོད་ལ་ཁ་གཏད་དེ་བས་ཡག་པོ་གཅོག་པ་དང་། དེ་བས་འདྲ་མཉམ་དང་། དྲང་གཞག ལུགས་མཐུན་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལེགས་འགྲུབ་ལྡན་པའི་ངང་གཉེར་བར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་དང་མཉམ་དུ་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རིམ་པ་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དུས་རབས་གསར་པར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་ཁག་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། འབོ་གསེར་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་ཆེན་པོ་བསྣན་རྒྱུའི་ཐད་མགྲིན་དབྱངས་གཅིག་གྱུར་ངང་མོས་མཐུན་གནང་བ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། ལ་མ་ཧྥུ་སས་ཞི་ཅིན་ཕིང་ལ་ལྷོ་ཨ་ཧྥེ་རི་ཁའི་མཛད་རྗེས་གཟེངས་རྟགས་ཕུལ་བ་དང་། དེ་ནི་ལྷོ་ཨ་ཧྥེ་རི་ཁས་མཛའ་གྲོགས་རྒྱལ་ཁབ་གལ་ཆེན་གྱི་གཙོ་བདག་ལ་ཕུལ་བའི་རིམ་པ་མཐོ་ཤོས་ཀྱི་མཛད་རྗེས་གཟེངས་རྟགས་དང་མཚན་སྙན་མཐོ་ཤོས་དེ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ནུས་རྒྱུ་གསར་པའི་གློག་ཤུགས། ཞིང་ལས་ཐོན་རྫས། དཔལ་འབྱོར་དམིགས་བསལ་ཁུལ་དང་བཟོ་ལས་གླིང་ཁུལ། མཐིང་མདོག་དཔལ་འབྱོར། ཚན་རྩལ་གསར་གཏོད། མཐོ་རིམ་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

ཕྱོགས་གཉིས་པོས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།

ཉིན་དེའི་ཉིན་དགུང་། ལ་མ་ཧྥུ་སས་ཙུང་ཐུང་ལས་ཤག་ཏུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ། ཀྲུང་གུང་ཀྲུང་དབྱང་གིས་འབྲུབ་འགོག་སོཊ་ལས་དོན་ཐད་བཀོད་སྒྲིག་གནང་། ཞི་ཅིན་ཕིང་ནས་རྒྱལ་ཡོངས་འབྱུང་ཁམས་ཉིན་མོ་ཐོག་མར་མཛུབ་སྟོན་གནང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་བཞིན་པ།