ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ ༨ ཚེས ༡༧ ཉིན་ཚོགས་འདུ་འཚོགས་ཏེ། འབྲུབ་འགོག་ཞོད་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཚོགས་འདུའི་ཐོག ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ནི་འབྲུབ་འགོག་གི་འགག་རྩའི་དུས་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཁག་གིས་རང་འགན་གཙང་སྒྲུབ་དང་ཕྱར་བ་གྲུ་འདེགས་བྱེད་པ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་གདོང་མཆོང་བྱེད་པ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་འཕྲལ་དུ་རོགས་སྐྱོར་བྱེད་པ། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་འགན་ལྕི་པོ་འཁུར་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་བྱེད་པ་བཅས་བྱས་ནས། འབྲུབ་འགོག་གེགས་སེལ་དང་ཁྱིམ་གཞིས་སྲུང་བའི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་ཤིག་མཉམ་སྐྲུན་བྱས་ཡོད་པས། འབྲུབ་འགོག་ཞོད་འགོག་གེགས་སེལ་གྱི་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་བསྟན་ཡོད་པ་རེད།
ཚོགས་འདུའི་ཐོག མིག་སྔར་རང་རྒྱལ་ནི་སྔར་བཞིན་འབྲུབ་ཆུ་རྒྱས་པའི་དུས་མཚམས་གཙོ་བོར་གནས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དྲག་ཆར་འབབ་པ་དང་། ཆུ་ལོག་དང་ཞོད་སྐྱོན་ཐོན་པ། རྒྱ་མཚོའི་རླུང་འཚུབ་ལྡང་བ་སོགས་ཀྱི་གནོད་འཚེ་སྔར་བཞིན་ཐོན་མང་བ། ཆུ་བོ་རྒྱུག་ཁོངས་ཁག་གཅིག་ཏུ་སྔར་བཞིན་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཉེན་ཡོད་པ། ཧྭ་བྱང་དང་བྱང་ཤར་གྱི་རི་ཁུལ་ཁག་གཅིག་གི་ས་རྒྱུ་ནང་ཆུའི་འདུས་ཚད་མང་དྲགས་པ། ཆུ་རུད་ཀྱི་ས་གཤིས་གནོད་སྐྱོན་འབྱུང་སླ་བ་སོགས་ཡིན་པས། སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ས་ཁུལ་ཁ་ཤས་སུ་ཐན་སྐྱོན་གྱི་སྔ་ལྟས་ལྷགས་ཡོད་པ་མ་ཟད་ཚབས་ཆེ་རུ་འགྲོ་གི་ཡོད་པས། དེ་ཡང་སྣང་མེད་དུ་གཏོང་མི་རུང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན། ལས་ཁུངས་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་སྣང་ཆེན་གྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་འཇོག་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཐོག་ནས། འབྲུབ་འགོག་ཞོད་འགོག་གེགས་སེལ་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག གནད་སྨིན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་དང་གནོད་འཚེའི་སྔོན་བརྡ་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ། གེགས་བར་འཕྲད་སྐབས་ཀྱི་ཉེན་ཟོན་ཉེན་བརྡ་མངོན་གསལ་དོད་དུ་གཏོང་བ། གནས་ནས་གནས་བར་གྱི་གནད་སྨིན་སྔོན་བརྡ་དང་སྔོན་བརྡ་གསར་པ་དུས་ཐོག་ཏུ་གཏོང་བ། ཉེན་ཟོན་སྔོན་བརྡ་ཕྱོགས་སྟོན་ཅན་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་འབྲུབ་འགོག་འགན་འཁྲིའི་མི་སྣར་ཐད་ཀར་འཕྲལ་སྒྲུབ་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ། ཉེན་ཟོན་སྔོན་བརྡ་དང་འཕྲལ་སྒྲུབ་ལན་ཆ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྒྲུབ་སྔོན་ཇུས་ཀྱི་བྱ་སྤྱོད་སྤེལ་ཐབས་དོན་འཁྱོལ་བྱེད་པ། ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་བཅས་བྱེད་དགོས། འགོག་སྲུང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། རྒྱུག་ཁོངས་རང་བཞིན་གྱི་ཆུ་ལོག་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གྱི་འབྲུབ་འགོག་བཀོད་གཏོང་ལས་དོན་ཇུས་འགོད་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྔོན་ཇུས་དང་། དཔུང་ཁག དངོས་ཟོག ཆུ་ལོག་གསོག་ཁུལ་བཅས་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ། གཙང་པོ་དང་ཆུ་བོ་ཆེ་གྲས་ འབྲུབ་ཆུ་རྒྱས་པའི་དུས་ཚོད་ལས་བདེ་བླག་ངང་བསྒྲལ་ཐུབ་པའི་འགན་ལེན་བྱེད་དགོས། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་། ཆུ་མཛོད་འབྲིང་ཆུང་གི་འབྲུབ་ཆུ་འགོག་བཅོས། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁྱིལ་ཆུའི་གནོད་སྐྱོན་སོགས་ལྷུ་ཚིགས་ཞན་སའི་ཆུ་ལོག་སྔོན་འགོག་དང་བདེ་སྲུང་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས། རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་རྣམས་གནོད་འཚེ་མ་བྱུང་གོང་ནས་སེལ་དགོས། འབྲུབ་འགོག་ཐན་འགོག་གི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། ཐན་པ་དང་ཞོད་སྐྱོན་དུས་གཅིག་ཏུ་ཐོན་པ་དང་ཐན་པ་དང་ཞོད་སྐྱོན་རེས་མོས་སུ་ཐོན་རྒྱུ་ནན་འགོག་བྱེད་དགོས། འཕྲལ་ཐག་ཆོད་པོས་སྤོ་བསྒྱུར་བྱས་ཏེ་ཉེན་ཁ་ལས་གཡོལ་དགོས། སྔོན་འགོག་མ་བྱས་པའི་དབང་གིས་གནོད་འཚེ་ཕོག་པའི་གནས་ཚུལ་ཐོན་པ་ལས་མ་འབྱུང་སྔོན་འགོག་གི་བྱ་ཐབས་མང་ན་དགའ་སྟེ། འགག་རྩའི་དུས་སུ་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་བློ་ཐག་ཆོད་པོས་གནས་སྤོ་བྱེད་པ་དང་། མི་སྣ་གནས་སྤོ་དང་ཉེན་གཡོལ་བྱེད་པའི་སྔོན་ཇུས་སྔར་བས་ཞིབ་ཚགས་སུ་བཏང་སྟེ། གནས་སྤོ་བྱེད་དགོས་པ་ཚང་མ་གནས་སྤོ་ཐུབ་པ་དང་། གནས་སྤོ་བྱེད་དགོས་པ་ཚང་མ་སྔ་ཙམ་གནས་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ཉེན་སེལ་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་རོགས་སྐྱོབ་སྟོབས་ཤུགས་སོགས་རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་གཏོང་བྱས་ཏེ།ལས་ཕྱོད་མཐོ་པོས་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱ་རྒྱུར་འགན་ལེན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཆུ་རགས་བརྟན་གཏོང་དང་ཉེན་ཁ་སེལ་བ། ཉེན་ཁའི་གནས་སུ་གྱར་བའི་མི་སྣ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པ། གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་བཅས་ཀྱི་ཐོག་ནས་མི་སྣ་འཆི་རྨས་ཀྱི་གནས་ཚུལ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཆུ་རགས་བརྟན་པོ་མེད་པ་དང་འགག་རྩའི་ཆུ་རགས་སྔ་བསྣུར་དུ་བརྟན་དུ་དང་མཐོ་རུ་གཏོང་བ་དང་། ཆེད་དོན་མི་སྣ་མངགས་གཏོང་གིས་བར་མཚམས་མེད་པར་སྐོར་གཡེང་སྐོར་ཞིབ་བྱེད་པ། ས་འོག་ཆུ་འཕྱུར་བ་དང་རགས་ཁ་ཤོར་བ་སོགས་ཀྱི་ཉེན་ཁ་ཆེ་རིགས་དུས་ཐོག་ཏུ་སེལ་བ་བཅས་ཀྱི་ཐོག་ནས་འབྲུབ་དུས་ཀྱི་བདེ་འཇགས་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཐེངས་འདིར་གནོད་འཚེ་ཕོག་ཁྱོན་ཆེ་བ་དང་། ཆུ་ལོག་གསོག་ཁུལ་བེད་སྤྱོད་མང་བ། མང་ཚོགས་གནས་སྤོ་བཀོད་སྒྲིག་མང་བས། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ཐབས་བརྒྱ་ཇུས་སྟོང་གིས་འགན་ལེན་ཡག་པོ་བྱེད་པ་དང་། ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་པ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོགགེགས་སེལ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་སླར་གསོ་བསྐྱར་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་།འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་སོགས་ཀྱི་གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་པ།གནོད་འཚེ་ཕོག་པའི་ས་ཞིང་དང་ཞིང་ལས་སྒྲིག་བཀོད་ཉམས་གསོ་བྱེད་མགྱོགས་སུ་གཏོང་བ། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པར་ཞིང་ལས་ལག་རྩལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་པ་སྒྲིག་འཛུགས་བྱས་ནས་གསབ་འདེབས་ཧུར་ཐག་བྱེད་པ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། ཞིང་ལས་ཀྱི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས། སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་ཀྱི་སྤྱི་པའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གནོད་འཚེ་ཕོག་པའི་སློབ་མ་ཚང་མ་དུས་ཐོག་ཏུ་སློབ་གྲྭར་ཕྱིར་ལོག་ཐུབ་རྒྱུའི་འགན་ལེན་བྱེད་དགོས། གཏོར་སྐྱོན་ཐེབས་པའི་ཁང་པ་ཉམས་གསོ་བསྐྱར་སྐྲུན་བྱེད་མགྱོགས་སུ་བཏང་ནས། གནོད་འཚེ་ཕོག་པའི་མང་ཚོགས་དགུན་ཁ་མ་ཤར་གོང་ཁྱིམ་དུ་ལོག་ཐུབ་པའམ་ཡང་ན་སྡོད་ཁང་གསར་པར་སྤོས་ནས་བདེ་འཇགས་ལྡན་ལ་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། དངུལ་རྩའི་ལས་ཁུངས་ནས་འབྲེལ་ཡོད་གོ་རིམ་སྟབས་བདེ་རུ་བཏང་སྟེ། གནོད་འཚེ་ཕོག་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་འགན་བཅོལ་གུན་གསབ་སྤྲོད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་མུ་མཐུད་ཡག་པོ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དང་གཉེར་སྐྱོང་བྱེད་པོ་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག གྲལ་བཤེར་གྱི་ཕྱོགས་བསྡོམས་ནན་ཏན་བྱས་ནས། དུས་ཚོད་དམ་འཛིན་གྱིས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་སྟེ། རང་རྒྱལ་གྱི་གེགས་འགོག་གེགས་སེལ་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། རིམ་ཁག་འཕྲལ་སྒྲུབ་བཀོད་འདོམས་པུའི་མ་ལག་སྔར་བས་སྟོབས་ཆེར་གཏོང་བ་དང་། བཀོད་གཏོང་བཀོད་འདོམས་དང་། མཉམ་གྲོས་དང་ཞིབ་གཅོད། ལས་སྒོ་འགན་ལེན་སོགས་ཀྱི་སྒྲིག་ཆས་སྒྲིག་བཀོད་དང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གོང་འོག་འབྲེལ་མཐུད་དང་གཞི་གཅིག་གིས་ཁ་གཏད་གཅོག་རྒྱུའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ས་ཁོངས་འཕྲལ་སྒྲུབ་རོགས་སྐྱོབ་ལྟེ་གནས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བྲེལ་དཀའ་ཉེན་ལྕིའི་ལས་འགན་ལག་བསྟར་བྱ་རྒྱུར་གཞི་ཚུགས་པ། ས་ཁོངས་རང་བཞིན་གྱི་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་དགོས་མཁོ་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ནས། ས་ཁོངས་ཀྱི་རོགས་སྐྱོབ་དངོས་འཐབ་ནུས་པ་གང་མགྱོགས་ཆགས་པ་བྱེད་དགོས། གཞི་རིམ་གྱི་གེགས་འགོག་ཉེན་གཡོལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་འཕྲལ་སྒྲུབ་དོ་དམ་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གེགས་འགོག་གཙོ་གནད་ས་ཁོངས་དང་ཉེན་ཁ་ཆེ་བའི་ཤང་གྲོང་དང་གྲོང་ཚོ་ཚོགས་ཆུང་ལ་དགོས་ངེས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས། གཞི་རིམ་གྱི་རང་སྐྱོབ་ནུས་པ་དང་ཕན་ཚུན་རོགས་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཆུ་བོ་འབབ་རྒྱུད་དང་ལྷག་པར་དུ་བྱང་ཕྱོགས་ས་ཁུལ་གྱི་གཙང་པོ་དང་ཆུ་བོ་གཙོ་བོའི་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་བཟོ་སྐྲུན་མ་ལག་འཐུས་ཚང་དུ་གང་མགྱོགས་གཏོང་བ་དང་། ཆུ་ལོག་གསོག་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། འགོག་སྲུང་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་བཤངས་པའི་ནུས་པ་འཆར་འགོད་དང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་ཆུ་འབུད་སྦུ་གུའི་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཁོར་སྐྱོད་ནུས་པ་ཆེ་རུ་གཏོང་བ། ཆུ་ལམ་གྱི་ཆུ་འབུད་བཤངས་ལས་གྲྭ་དང་སྦྲེལ་མཐུད་ནུས་ལྡན་བཅས་བྱས་ནས། གྲོང་ཁྱེར་གྱི་རྐང་འཛིན་ཆུ་འབུད་བཤངས་ལམ་བུ་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན། ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱེད་པ། མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་འགན་འཁྲི་ལྕི་པོ་འཁུར་བ་དང་གདོང་ལེན་པ་བྱེད་པའི་ཐོག་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་། ཏང་གི་ཆབ་སྲིད་བཟང་ཆ་དང་། སྒྲིག་འཛུགས་ཀྱི་བཟང་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བཟང་ཆ་བཅས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཆབ་སྲིད་ཀྱི་བཟང་ཆ་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་རྒྱལ་ཡོངས་འབྱུང་ཁམས་ཉིན་མོ་ཐོག་མར་མཛུབ་སྟོན་གནང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་བཞིན་པ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲང་གོ་ཆིང་གིས་ཧོ་པེ་རུ་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་སླར་གསོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བ།