ཟླ ༦ ཚེས ༢༦ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་དབྱར་དུས་ཀྱི་ཏཱ་ཝོ་སིའི་གླེང་སྟེགས་ལ་ཞུགས་མཁན་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༦ ཚེས ༢༦ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༦ ཚེས ༢༦ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་དབྱར་དུས་ཀྱི་ཏཱ་ཝོ་སིའི་གླེང་སྟེགས་ལ་ཞུགས་མཁན་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཧྥན་མིང་ཀྲེང་ལ་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ན་ནིང་ལོ་མཇུག་ཏུ། ངས་ཝེ་ཐེ་ནམ་དུ་འཚམས་འདྲི་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་མཚམས་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ལོ་ཕྱེད་ལྷག་ཙམ་རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་འགྲོ་འོང་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་བདེ་བླག་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་རིམ་བཞིན་འཕེལ་འགྱུར་མྱུར་པོ་འགྲོ་བའི་ཁྲོད་ཀྲུང་ཝེའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་རང་ངོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་འཐབ་ཇུས་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དེ་བས་དྲུག་གི་སྤྱི་ཡོངས་ཀྱི་དམིགས་ཚད་ལ་དམིགས་པ། མཐུན་སྒྲིལ་དང་མཛའ་གྲོགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དེ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་གསར་པ་ཐོབ་རྒྱུ་རེད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་པོས་ཝེ་ཐེ་ནམ་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད་ལ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། མཐའ་མཚམས་ཞིང་ཆེན་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་ལས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། དམངས་ཁྲོད་དང་གཞོན་ནུ་སོགས་ཀྱི་སྤེལ་རེས་ལས་སྟེགས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་ཀྲུང་ཝེའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། མཚོ་ཐོག་གི་ཐུན་མོང་གསར་སྤེལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱེད་དགོས།
ཧྥན་མིང་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཝེ་ཀྲུང་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་ཐོབ་པའི་ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་རླབས་པོ་ཆེར་ཝེ་ཐེ་ནམ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ཁྲོད་བཏོན་པའི་སྒུལ་ཤུགས་གལ་ཆེན་དང་གྲུ་རྡོ་ལྟ་བུའི་ནུས་པར་གདེང་འཇོག་ཧུར་ཐག་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་སྟོབས་དང་ལྡན་ལ་གྲ་རྒྱས་ཡོང་བ་དང་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་མངོན་པའི་ལོ་རྒྱུས་དང་གོ་ལ་ཧྲིལ་པོའི་གཟིགས་རྒྱང་དང་སྟོབས་ཤུགས་རླབས་པོ་ཆེར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དང༼ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད༽ནང་ཀྲུང་གོ་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དཔལ་འབྱོར་ཚོང་དོན་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཏང་སྐྱོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་རིགས་པའི་གཞུང་ལུགས་གསར་པ་དང་། ལག་ལེན་གསར་པ། གྲུབ་འབྲས་གསར་པ་བཅས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་མཐའ་འཁྱོངས་བསྐྱོད་དེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་གྱིས་མི་རིགས་རང་བཙན་དང་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་རྒྱུ་མ་ཟད། ཝེ་ཀྲུང་གི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཝེ་ཐེ་ནམ་གྱིས་ཕྱི་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཀྱི་སྔོན་འགྲོ་དང་འཐབ་ཇུས་ཀྱི་གདམ་གར་བརྩི་རྒྱུར་ཕྱི་ཕྱོགས་ཀྱི་དབྱེན་སྦྱོར་དཀྲུག་ཤིང་དང་ཐེ་ཇུས་གཏོར་བཤིག་ཕོག་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཝེ་ཐེ་ནམ་ལ་གྲུབ་འབྲས་ཐོབ་པའི་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཞིག་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། དེ་བས་དྲུག་གི་སྤྱི་ཡོངས་ཀྱི་དམིགས་ཚད་ལ་གཞིགས་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། གཞོན་ནུའི་དབར་སྤེལ་རེས་བྱ་རྒྱུར་སྐུལ་ལྕག་བྱེད་པ། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པར་སྐུལ་འདེད་ཏན་ཏིག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་ཀྲུང་ཧྥའི་གཙོ་བདག་གི་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞོན་ནུ་སློབ་མའི་འཐུས་མི་དང་སྤེལ་རེས་བཞུགས་མོལ་གནང་བ།