རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༩ ཉིན་གྱི་ཕྱི་དྲོ་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་སང་ཆེ་སིར་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པར་འཚམས་འདྲི་ཞུ་རོགས་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས། ན་ནིང་། ཀྲུང་གོ་དང་སི་ཕེན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ཡོད། ལོ་གཅིག་ལྷག་ཙམ་སོང་རིང་། ཕྱོགས་གཉིས་པོས་རིམ་པ་ཁག་དབར་འགྲོ་འོང་དང་མཉམ་འགུལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ཁྱབ་ཁོངས་གསར་པའི་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཡོད། དུས་སང་ནི་ཀྲུང་གོ་དང་སི་ཕེན་དབར་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་ལོ་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཐོག སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་ཕུགས་ལ་དམིགས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཐབ་ཇུས་ངེས་གནས་ཀྱིས་ཕྱུག་པའི་ཡུན་རིང་བརྟན་ལྷིང་གི་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བཏོད་དེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བསྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོས་ཡུན་རིང་ལག་ལེན་བསྟར་ནས་རྙེད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་ཅིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལམ་བུ་དེའི་ཐོག་བསྐྱོད་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་རྒྱུར་གོ་སྐབས་གསར་པ་བཏོད་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་མཉམ་འདྲེས་ཨུ་ལྷན་དང་ཚན་རྩལ་མཉམ་འབྲེལ་ཨུ་ལྷན་སོགས་སྟེགས་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ནང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས། སི་ཕེན་གྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་སི་ཕེན་དུ་བསྐྱོད་ནས་མ་འཇོག་ལས་སྐྲུན་བྱེད་པར་དྲང་བདེན་དང་འདྲ་མཉམ། བདེ་འཇགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག སྐད་བརྡའི་སློབ་ཁྲིད་དང་། གཞོན་ནུ། རིག་གནས། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་དགོས། སི་ཕེན་གྱིས་ན་ནིང་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཀྲུང་གོ་དང་ཡོ་རོབ་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་སང་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་ཐད་ཐོབ་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་རང་བརྟེན་རང་བདག་དང་། ཕན་ཚུན་རྒྱབ་སྐྱོར་དང་རོགས་རེས། འཛམ་གླིང་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཕྱོགས་སུ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སི་ཕན་གྱིས་འདིའི་ཆེད་དུ་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་འགྱུར་ལྡོག་མང་ཞིང་རྙོག་འཛིང་ཆེན་པོ་འཕྲད་བཞིན་ཡོད། ཀྲུང་གོ་དང་སི་ཕེན་གཉིས་ནི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལྡན་པའི་རྒྱལ་ཁབ་ཡིན་པ་མ་ཟད། གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་ཕྱོགས་པའི་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཁྲོད་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་དྲང་ནུས་དེ་བས་མང་བ་སྣོན་འདོད་ཡོད་ཅེས་བསྟན་གནང་ཡོད།
སང་ཆེ་སིས་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཁོང་གིས། ལོ་གཅིག་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེའི་ཐོག་ནས་སི་ཕེན་དང་ཀྲུང་གོའི་འབྲེལ་བ་ཟབ་མོ་ཡོད་པ་མཚོན་གྱི་ཡོད། སི་ཕེན་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་གཏིང་ཟབ་ཏུ་བཏང་ཡོད། ངས་ད་ཐེངས་འཚམས་འདྲི་ཞུ་རིང་ཕྱོགས་གཉིས་པོས་སྦགས་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་མང་པོར་མིང་རྟགས་བཀོད་ཡོད་པ་དང་། དེའི་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་འོད་ཟེར་ལྡན་པའི་མདུན་ལམ་མངོན་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། སི་ཕེན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཁོར་ཡུག་བཟང་པོ་གཏོད་འདོད་ཡོད། སི་ཕེན་དང་ཀྲུང་གོ་ཕྱོགས་གཉིས་པོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད། མིག་སྔའི་འཛམ་གླིང་ལ་འཁྲུག་ཟིང་གདོང་ཐུག་དང་། དབུལ་ཕོངས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཉམ་དུ་ཁ་གཏད་གཅོག་དགོས། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། སི་ཕེན་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོའི་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཏེ། ཀྲུང་གོས་ཡིད་ཆེས་བྱེད་ཆོག་པའི་རོགས་ཟླ་བྱེད་འདོད་ཡོད་ལ། སི་ཕེན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སི་ཕེན་ཕྱོགས་ཀྱིས་རང་མོས་ཉོ་ཚོང་དང་ཁྲོམ་ར་སྒོ་དབྱེའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཉོ་ཚོང་དམག་འཐབ་རྒྱག་རྒྱུར་མོས་མཐུན་མི་བྱེད་ཅིང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
ཝང་དབྱི་གོང་གསལ་གྱི་མཇལ་འཕྲད་ནང་ཞུགས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་སོ་སོར་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། བོད་ལྗོངས་དང་ཧོ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།