རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༩ ཉིན་གྱི་ཕྱི་དྲོ་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་སི་ཐེ་ལེར་རྒྱལ་པོ་ཧ་ལའར་སྐུ་ཐོག་ལྔ་པར་འཚམས་འདྲི་ཞུ་རོགས་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནོར་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༠ སོང་རིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་དགའ་སྨོན། ཕན་ཚུན་སློབ་སྦྱོང་བཅས་བྱས་ཏེ་རྩ་ཆེའི་མཛའ་གྲོགས་འབྲེལ་བ་བཙུགས་ཡོད། ཀྲུང་གོ་དང་ནོར་ཝེ་ཡི་མཛའ་གྲོགས་མཉམ་ལས་སྔར་བས་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འདུན་པ་དང་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་དབར་འབྲེལ་བ་སྔར་བས་དམ་ཟབ་དང་བདེ་སྡུག་མཉམ་མྱོང་བྱེད་པའི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་གདམ་ག་བྱེད་ཐུབ་མིན་ལ་ཚོད་བགམ་ཐེབས་བཞིན་ཡོད། ཀྲུང་གོས་མུ་མཐུད་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་ཐོག སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། འགྱུར་ལྡོག་དང་རྙོག་འཛིང་མཉམ་འདྲེས་སུ་ཐོན་པའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྣོན་རྒྱུ་དང་། རྒྱལ་ཁབ་ཁག་ཐུན་མོང་གོང་འཕེལ་འགྲོ་རྒྱུར་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན། ཀྲུང་གོས་ནོར་ཝེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ནོར་ཝེ་ཡི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནོར་ཝེའི་འབྲེལ་བའི་ལོ་ངོ་ ༧༠ ཡི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། མཛའ་གྲོགས་དང་མཉམ་ལས་ནི་བརྗོད་དོན་གཙོ་བོ་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ཞིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱ་དགོས་ན། གལ་འགངས་ཆེ་ཤོས་ནི་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་བསྟན་ཡོད། དེའི་ནང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་ཕ་རོལ་གྱི་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱ་རྒྱུ་ཚུད་ཡོད། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལ་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་རང་སོའི་བཟང་ཆ་དང་ཟུང་འབྲེལ་བྱས་ཏེ། སྦགས་མེད་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་ཕྱོགས་སྒྱུར། མཚོ་དོན་དང་མཚོ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཐོག སློབ་གསོ་དང་ཚན་རྩལ། རིག་གནས། ཡུལ་སྐོར། དགུན་དུས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་དང་ལྷག་པར་དུ་གཞོན་ནུའི་སྤེལ་རེས་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ནོར་ཝེའི་དབར་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་ཐོག་འབྲེལ་གཏུག་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
སི་ཐེ་ལེས་རྒྱལ་པོ་ཧ་ལའར་སྐུ་ཐོག་ལྔ་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཁོང་གིས། ནོར་ཝེ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཡོ་རོབ་བྱང་མའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ནོར་ཝེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༠ སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ཡོད་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་གི་བྱེད་སྟངས་ཐོག་ནས་སྐད་ཆ་ཤོད་རེས་དང་མཉམ་ལས་སྤེལ་བཞིན་ཡོད། ནོར་ཝེ་ཕྱོགས་ནས་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་དང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བཞིན་ཡོད། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་བྱེད་པ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་གོང་འཕེལ་ལ་གསོན་ཤུགས་རབ་ཏུ་རྒྱས་པ་དང་། སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་མང་པོ་ཡོད། ནོར་ཝེ་ཕྱོགས་ནས་ཀྲུང་གོའི་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ལྷག་དོན་དུ་སྦགས་མེད་གོང་འཕེལ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ། མཚོ་དོན་དང་མཚོ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། ནུས་རྒྱུ་གསར་པའི་རླངས་འཁོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་མིག་སྔའི་འཛམ་གླིང་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་དང་རྒྱལ་སྤྱིའི་ཞི་བདེ་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེ་རིགས་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ནོར་ཝེ་ཕྱོགས་ནས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡོ་རོབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་སོགས་རྟག་གླེང་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཞི་བདེའི་ངང་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཀྱི་འབད་བརྩོན་མཐའ་དག་ལ་ཀྲུང་གོས་སྐུལ་མ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མུ་མཐུད་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན། ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ཐུན་མོང་ཐོག་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པར་མཐུན་རྐྱེན་གསོག་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་སོ་སོར་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། བོད་ལྗོངས་དང་ཧོ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།