གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས་: 2025ལོ་03ཟླ་07ཚེས་ 16:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༥ ཉིན་གྱི་ཕྱི་དྲོར་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གོང་འཕེལ་དམིགས་འབེན་ཡོངས་སུ་ལེགས་འགྲུབ་བྱེད་པར། དཔལ་འབྱོར་ཞིང་ཆེན་ཆེན་པོས་གཙོ་འགན་འཁུར་དགོས། ཅང་སུའུ་ཡིས་གཙོ་འགན་འཁུར་བའི་ཤུགས་རྒྱག་ས་དམ་འཛིན་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་དང་། གཏིང་ཟབ་པའི་བསྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་སྔོན་ཐོན་བརྩོན་ལེན་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ནན་ཏན་བྱས་པ་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། ཀྲའོ་ཅན་ཅུན་དང་། ཞུས་ཀོང་ཧུའེ། ཀྲང་ཅུན་ཅེ། ལི་ཞའོ་ནཱ། མིའོ་ཧན་ཀེན། ཁོའོ་ཅུན་སོགས་འཐུས་མི ༦ གིས་ལྗང་མདོག་ཐཱན་ཉུང་བརྗེ་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་སྐྲུན་པ། གསོ་རིག་འཛུགས་སྐྲུན་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་མཛེས་སྡུག་གི་སྡེ་ཁུལ་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཟློས་གར་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་ཐད་ཁག་སོ་སོར་གཏམ་བཤད་སྤེལ་ཡོད།

ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་ཡོད། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུར་མོས་མཐུན་གནང་བ་དང་། ཅང་སུའུ་ཡི་ལས་དོན་ལ་ཁས་ལེན་གནང་ཞིང་། ཅང་སུའུ་ཡིས་གཙོ་འགན་འཁུར་བའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། འབད་བརྩོན་ཆེན་པོས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

图片

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཡིན། ཚན་རྩལ་གསར་གཏོད་དམ་འཛིན་བྱེད་པར། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རྩལ་གྱི་གྲུབ་འབྲས་མང་ཙམ་ཐོན་ཐུབ་པ་མ་ཟད། ཚན་རྩལ་གྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་དགོས། ཐོན་ལས་གསར་གཏོད་དམ་འཛིན་བྱེད་པར། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་འདི་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གསར་པ་གསར་གཏོད་བྱེད་པ་སོགས་ལ་མཉམ་དུ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་དམ་འཛིན་བྱེད་པར། སྟེགས་བུ་འཛུགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་སྲ་བརྟན་དུ་བཏང་ནས། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་འབྲེལ་མཐུད་དམ་ཟབ་བྱེད་དུ་འཇུག་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། དཔལ་འབྱོར་གྱི་བོངས་ཇི་ཙམ་དུ་ཆེ་བ་ཡོད་ན་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་སྟོབས་ཤུགས་དེ་ཙམ་དུ་ཆེ་བ་དགོས་ཀྱི་ཡོད། ཅང་སུའུ་ཡིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། ཕྱི་ནང་གཉིས་ཀར་དོ་སྣང་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་བརྒྱུད་རྒྱུན་ཆད་མེད་པར་འགོག་རྐྱེན་སེལ་བ་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གཅིག་གྱུར་འཆར་འགོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་བྱ་རྒྱུར་དམ་འཛིན་བྱེད་པ། ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་ཀྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ས་གནས་སྲུང་སྐྱོབ་དང་། ཁྲོམ་ར་ཁག་བགོས།  ནང་རྨུག་རྣམ་པའི་འགྲན་རྩོད་བཅས་རང་འགུལ་ངང་མེད་པ་བཟོ་དགོས། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་ནས། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སུ་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་བཏང་ནས། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

图片

ཞི་ཅིན་ཕིང་གིས། དཔལ་འབྱོར་ཞིང་ཆེན་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འགན་འཁྲི་དེ་བས་ཆེ་བ་འཁུར་དགོས། ཅང་སུའུ་ཡིས་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ་སོགས་འཕེལ་རྒྱས་འཐབ་ཇུས་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཐུན་སྦྱོར་མཉམ་འགུལ་བྱེད་དགོས། པེ་ཅིང་དང་ཐེན་ཅིན་ཧོ་པེ་བཅས་དང་མཐུན་སྦྱོར་གོང་འཕེལ་གཏོང་བ་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་འཛུགས་སྐྲུན་སོགས་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། བོད་ལྗོངས་ལ་རོགས་སྐྱོར་དང་ཤིན་ཅང་ལ་རོགས་སྐྱོར་བྱེད་པ་སོགས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་དགོས། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ཁུངས་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་འགན་འཁྲི་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དཔལ་འབྱོར་ཞིང་ཆེན་ཆེན་པོའི་འཕེལ་རྒྱས་ཀྱི་མྱུར་ཚད་ཅུང་མགྱོགས་པ་ཡོད་པར་བརྟེན། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། ཅང་སུའུ་ཡིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ནུས་པ་འདོན་པ། རྨང་གཞིའི་རང་བཞིན་དང་། སྤྱི་ཕན་རང་བཞིན། མ་མཐའི་འགན་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱ་བ་དངོས་མང་ཙམ་བསྒྲུབ་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་འཕྲོད་མཐུན་རང་བཞིན་ཆེ་རུ་གཏོང་བའི་ཐད་ཀྱི་ཆུ་ཚད་སླར་ཡང་མཐོ་རུ་གཏོང་དགོས། ལྷག་པར་དུ་ལས་ཞུགས་ཞེས་པའི་ཆེས་གཞི་རྩའི་དམངས་འཚོར་དམ་འཛིན་ཡག་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་སྟེ། རིག་གནས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བར། ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ལྗིད་པོ་ཁུར་ཕོད་པ་དང་། གསར་གཏོད་ཡར་བརྩོན་བྱེད་པ། བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་དང་། སྤྱོད་གཙང་སྲིད་གཙང་བཅས་ཀྱི་གཟུགས་བརྙན་ལ་བརྟེན་ནས། མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཞུགས་ཡོད།

མུའུ་ཧུང་སོགས་ཞུགས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནའར་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་དང་གྲོས་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།