གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་འདིར་ཞུགས་པ།

སྤེལ་དུས་: 2025ལོ་09ཟླ་09ཚེས་ 11:34 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས ༨ ཉིན་གྱི་དགོང་མོར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། མཐུན་སྒྲིལ་མཉམ་ལས་དང་དཀའ་སྤྱད་མདུན་སྐྱོད་ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་ཧ་ལི་ཏེ། དེ་བཞིན་རྒྱ་གར་དང་ཨེ་ཙེ་ཨོ་པི་ཡའི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཐལ་རླུང་འཚུབ་པ་ལྟར་ལངས་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རུ་སྟར་དང་པོ་ཡིན་པའི་ངོས་ནས། སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་འབོ་གསེར་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། འབོ་གསེར་གྱི་མཉམ་ལས་ཆེན་པོ་ཞེས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ། དང་པོ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་དགོས། ཕྱོགས་མང་རིང་ལུགས་ནི་མི་སེམས་ཕྱོགས་ས་དང་དུས་བབ་ཆེན་པོའི་ཁ་ཕྱོགས་ཡིན་ཞིང་། འཛམ་གླིང་ཞི་བདེ་དང་གོང་འཕེལ་གྱི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་ཆེད་ཡིན། མཉམ་གྲོས་དང་མཉམ་འཛུགས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། ཕྱོགས་མང་རིང་ལུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཤོད་དབང་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་འཐུས་ཚང་དུ་གཏོང་བ་བརྒྱུད་ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་ཀྱིས་མིའི་རིགས་སྤྱི་ཚོགས་ཀྱི་མདུན་དུ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པ་གཅོག་དགོས་པ་དང་།

གཉིས་པ། སྒོ་དབྱེ་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། རྒྱལ་ཁབ་ཁག་གི་གོང་འཕེལ་ནི་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད་པ་དང་། སུ་ཡང་རང་ངོས་བཀག་སྡོམ་གྱི་ཁེར་རྐྱང་གླིང་ཕྲན་དུ་ཕྱིར་ལོག་བྱེད་མི་ཐུབ། སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། སྒོ་དབྱེའི་ཁྲོད་གོ་སྐབས་མཉམ་སྤྱོད་དང་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱ་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་གྱུར་བའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། རྣམ་པ་མཐའ་དག་གི་སྲུང་སྐྱོང་རིང་ལུགས་བཀག་འགོག་བྱེད་དགོས། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། གོང་འཕེལ་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ།

གསུམ་པ། མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས། ཐུན་མོང་གོང་འཕེལ་གྱི་མཉམ་ཤུགས་གཅིག་སྒྲིལ་བྱ་དགོས། འབོ་གསེར་རྒྱལ་ཁབ་ཀྱི་མི་འབོར་གྱིས་འཛམ་གླིང་གི་ཕྱེད་ཀ་ཙམ་བཟུང་བ་དང་། དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་གི་བརྒྱ་ཆ ༣༠ ཙམ་ཟིན་པ། ཉོ་ཚོང་བསྡོམས་འབོར་གྱིས་འཛམ་གླིང་གི་ལྔ་ཆ་གཅིག་བཟུང་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཇི་ཙམ་དམ་ཟབ་བྱུང་ཚེ། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གདིང་ཤུགས་དེ་ཙམ་གྱིས་ཆེ་བ་དང་བྱེད་ཐབས་དེ་ཙམ་གྱིས་མང་བ། ཕན་འབྲས་དེ་ཙམ་གྱིས་བཟང་བ་བཅས་ཡོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་གཞན་དག་དང་མཉམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། རང་སོའི་བཟང་ཆ་འདོན་སྤེལ་བྱེད་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་པ་དང་།  འབོ་གསེར་མཉམ་ལས་ཆེན་པོའི་རྨང་གཞི་དེ་བས་སྲ་བརྟན་དང་། སྒུལ་ཤུགས་དེ་བས་ཆེ་བ། ཤུགས་རྐྱེན་དེ་བས་ཆེ་བ་བཅས་ཡོང་བ་བྱེད་ཅིང་། རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་ལེགས་པ་ཐོབ་པ་བྱེད་འདོད་ཡོད་པ་བཅས་སོ། །

ཚོགས་ཞུགས་འགོ་ཁྲིད་པས། མིག་སྔར། ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་བརྡབ་གསིག་བཟོ་བ་དང་། རྒྱལ་སྤྱིའི་ཁྲིམས་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ཉེན་ཁ་བཟོ་བ། ཉོ་ཚོང་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལག་ཆར་འགྱུར་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་པ་དང་། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ། རང་མོས་སྒོ་དབྱེའི་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་བཅས་བྱ་དགོས་ཞེས་གསུངས་ཡོད། རྒྱལ་ཁབ་ཁག་གི་འགོ་ཁྲིད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་རྣག་ཐོག་གཙག་འཁེལ་བྱུང་བས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་ཁ་ཕྱོགས་དང་ལམ་ཕྱོགས་གསལ་སྟོན་གནང་བའི་ངོས་འཛིན་གནང་ཡོད། ཕྱོགས་ཁག་གིས་ད་དུང་མུ་མཐུད་ཡུག་རེན་གྱི་ཉམས་ཉེན་དང་ཀ་ཧྲ་ཡི་གདོང་ཐུག་སོགས་རྟག་གླེང་གནད་དོན་ཐད་སྦྲེལ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཡུག་རེན་ཉམས་ཉེན་གྱི་ཞི་བདེའི་མཛའ་གྲོགས་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱེད་པ། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་ཐད་མོས་མཐུན་བྱུང་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ། དེ་རིང་གི་དྲན་གསོའི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་ནན་སྟོན་གནང་དོན། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།