གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་མ་ཁེ་ལུང་ནས་ཁྲེང་ཏུའུ་རུ་མཛའ་གྲོགས་སྤེལ་རེས་གནང་བ།

སྤེལ་དུས་: 2025ལོ་12ཟླ་08ཚེས་ 10:52 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༢ ཚེས ༥ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཛའ་གྲོགས་སྤེལ་རེས་གནང་བ་རེད།

དགུན་དུས་ཀྱི་ཏུའུ་ཅང་ཡན་དུ་རི་བོ་སྔར་བཞིན་སྔོ་ཐིང་ངེར་གནས། མ་ཁེ་ལུང་སྟངས་དཔྱལ་ཕེབས་འབྱོར་ཟིན་སྐབས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་གནང་ཡོད།ཞི་ཅིན་ཕིང་གིས་མ་ཁེ་ལུང་གནས་མཆོག་ཁྲེང་ཏུའུ་རུ་ཕེབས་པར་དགའ་བསུ་ཞུས་པ་དང་། ན་ནིང་ཁྱེད་ཀྱིས་ང་ཁྱེད་རང་གི་ཕ་ཡུལ་ཧྲང་པི་ལི་ཉིའུ་སི་མངའ་སྡེར་གདན་འདྲེན་ཞུས་པ་དང་། ད་ཐེངས་ཁྱེད་རང་འཚམས་འདྲིར་ཕེབས་པའི་བརྒྱུད་རིམ་ཁྲོད། ཀྲུང་གོར་ཤེས་རྟོགས་སྔར་བས་མང་བ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཡན་ཀུང་ལམ་བརྒྱུད་དེ་ཕེབས་ཞོར་དུ་བཀའ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས་ཏུའུ་ཅང་ཡན་གྱི་ལོ་རྒྱུས་དང་དོན་སྙིང་ངོ་སྤྲོད་གནང་སྐབས། ཏུའུ་ཅང་ཡན་ཆུ་བེད་ལས་གྲྭ་ནི་འཛམ་གླིང་ཡོངས་སུ་ད་ལྟའི་བར་དུ་སྔར་བཞིན་སྤྱོད་བཞིན་པའི་གནའ་བོའི་ཆུ་བེད་ལས་གྲྭ་འབའ་ཞིག་ཡིན་ལ། མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་སྔ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ལས་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་། དཀའ་ངལ་ལ་མི་སྐྲག་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་མཚོན་ཡོད། ཏུའུ་ཅང་ཡན་དུ་སླེབས་ཐེངས་རེར་མེས་པོ་རྣམས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། འཕེལ་ཕྱོགས་དང་བསྟུན་པ། རང་བྱུང་ཁམས་དང་མི་འཆམ་མཐུན་མཉམ་གནས། ཆུ་བཅོས་དམངས་ཕན་བཅས་ཀྱི་བྱས་རྗེས་རླབས་ཆེན་ཚོར་ཐུབ་པ་མ་ཟད། དེའི་ཁྲོད་ལས་རྒྱལ་སྐྱོང་སྲིད་གཉེར་གྱི་བློ་གྲོས་བསྡུ་ལེན་བྱེད་ཐུབ། ཧྥ་ལན་ཞི་མི་རིགས་ལ་ཡང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཞན་དག་ལས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་དགོས་ཞེས་བསྟན་གནང་ཡོད།

མ་ཁེ་ལུང་གིས་ཏུའུ་ཅང་ཡན་དུ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་། གནས་འདིའི་ཡུལ་ལྗོངས་ཤིན་ཏུ་ལྟ་ན་སྡུག་པ་ཞིག་འདུག ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བསྐྲུན་པའི་ཆུ་བེད་ལས་གྲྭས་ད་ལྟའི་བར་དུ་སྔར་བཞིན་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས། ཀྲུང་གོ་མི་དམངས་ཀྱི་བརྩོན་འགྲུས་དང་བློ་གྲོས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀར་ལོ་རྒྱུས་དང་རིག་གནས་ཡུན་རིང་ལྡན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པ་ནི་གཅིག་མཚུངས་ཡིན་པས། ཧྥ་རན་སེ་དང་ཀྲུང་གོས་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་པོ་མཉམ་དུ་དར་རྒྱས་ཡོང་ཐུབ་པ་དང་། མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་ཐུབ་ཅེས་གསུངས་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཧོའེ་ཀུའུ་བསིལ་ཁང་དུ་བཞུགས་ནས་ཆུ་འགྲམ་དུ་གསོལ་ཇ་མཆོད་པ་དང་གནམ་འོག་གི་དོན་ཆེན་གླེང་གནང་ཡོད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེ་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་དགོས་ན་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ་བསམ་པའི་དཔལ་ཡོན་ཡང་ཡར་རྒྱས་གཏོང་དགོས། རིག་གནས་ཀྱི་བློ་སྤོབས་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན། གཞི་ནས་ཡར་ལངས་པ་དང་། བརྟན་པོར་ལངས་པ། རྒྱང་ཐག་རིང་པོར་སྐྱོད་པ་བཅས་བྱེད་ཐུབ། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་རྒྱུན་ཆད་མེད་པར་རྒྱུན་མཐུད་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་རྣམ་པའི་ཐོག་ནས་ད་བར་འཕེལ་རྒྱས་འགྲོ་བཞིན་པའི་རླབས་ཆེན་གྱི་ཤེས་དཔལ་འབའ་ཞིག་ཡིན་ཞིང་། དེར་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། ཁོང་ཡངས་རང་བཞིན། ཞི་བདེའི་རང་བཞིན་བཅས་མངོན་གསལ་ལྡན་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ནི་ཤར་ནུབ་ཕྱོགས་གཉིས་པོའི་ཤེས་དཔལ་གྱི་ཕུལ་བྱུང་འཐུས་ཚབ་ཡིན། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རང་བཙན་རང་བདག་གི་སྙིང་སྟོབས་ནི་རང་སོ་སོའི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ལས་བྱུང་བ་ཡིན། ཀྲུང་གོ་དང་ཧྥ་རན་སེ་དབར་ཕྱི་འབྲེལ་བཙུགས་པ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་གཉིས་དབར་ལག་འཇུ་བྱེད་པ་ཞིག་ཡིན་པ་མ་ཟད། འོད་སྟོང་འབར་བའི་ཤེས་དཔལ་ཆེན་པོ་གཉིས་འབྲེལ་འདྲིས་བྱེད་པ་ཞིག་ཀྱང་ཡིན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ལོ་རྒྱུས་དང་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀྱིས་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་པ་བརྒྱུད་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་འདུག

མ་ཁེ་ལུང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་མགྱོགས་མྱུར་འགྱུར་ལྡོག་འགྲོ་བཞིན་པ་དང་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གདོང་ཐུག་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་སྟངས་དཔྱལ་རྣམ་གཉིས་ཀྱིས་མ་ཁེ་ལུང་སྟངས་དཔྱལ་རྣམ་གཉིས་དགུང་ཟས་ལ་མཉམ་དུ་རོལ་རྒྱུར་གདན་དྲངས་ཤིང་སྤེལ་རེས་གཏིང་ཟབ་མུ་མཐུད་གནང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཧྥ་རན་སེའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་དགོངས་འཆར་གཅིག་མཐུན་བྱུང་བ་རེད།

འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་གནམ་གཤིས་དང་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་གཅོག་པ། ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་ལས་དང་བཟའ་བཅའི་སྤེལ་རེས་དང་མཉམ་ལས། ཡུག་རེན་གྱི་དུས་བབ་དང་ཕ་ལེ་སི་ཐན་གྱི་དུས་བབ་བཅས་ཀྱི་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་གནང་ཡོད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

༼ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་རཌ་བཤད་༽དཔེ་སྐྲུན་བྱས། ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོ་དང་མཇལ་འཕྲད་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།