རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡༤ ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་ཡང་། ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་གོང་འཕེལ་ཕྱིན་ཡོད་པ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་ལྡན་པའི་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བཏོད་ཡོད་ཅིང་། གང་དེའི་ཉམས་མྱོང་གལ་ཆེན་ཞིག་ནི་ཐུན་མོང་གི་ཁེ་ཕན་ལ་གཞིགས་ནས་ཡང་དག་པའི་གདམ་ག་བྱས་པ་དེ་རེད། དོན་དངོས་ཀྱིས་ར་སྤྲོད་བྱས་པར། མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་དང་། དུས་རབས་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་མོ་དང་མཐུན་ཞིང་། ཕན་ཚུན་རང་བཙན་རང་བདག་གི་ལམ་བུའི་ཐོག་སྐྱོད་པའི་སྟོབས་ཤུགས་དང་གདིང་ཤུགས་ཆེ་རུ་བཏང་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་ཕན་ཚུན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་གནས་བབ་གལ་ཆེན་ཞིག་གི་ཐོག་འཇོག་དགོས་པ་དང་། རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱེད་དགོས། ཀྲུང་གོས་ཡུན་རིང་གི་འཐབ་ཇུས་དམིགས་འབེན་དང་དུས་མཚམས་རང་བཞིན་གྱི་དམིགས་འབེན་ཟུང་དུ་སྦྲེལ་ཐོག གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་པའི་ལོ་རྒྱུས་ཀྱི་སྡུག་རུས་ཐོག་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་བཞིན་ཡོད། ང་ཚོར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཡོད་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་འཛམ་གླིང་ལ་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་བློ་རྒྱ་ཡང་ཡོད་ཅིང་། རང་ངོས་གོང་འཕེལ་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་སེམས་ཤུགས་དང་སྒུལ་ཤུགས་སྣོན་རྒྱུ་ཡིན། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་གྱིས་གསར་གཏོད་གོང་འཕེལ་ཐད་མཉམ་གྲོས་བྱེད་པ་དང་། ཉོ་ཚོང་དང་། ནུས་རྒྱུ་གསར་པ། རིག་ནུས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་། སློབ་གསོ། ཚན་ཞིབ། ལུས་རྩལ་བཅས་ཀྱི་སྤེལ་རེས་ལ་སྐུལ་ལྕགས་གཏོང་བ། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་གི་གང་སར་ཟང་ཟིང་གིས་ཁེངས་ཤིང་། སྤྱི་པའི་ལམ་ལུགས་སྲོལ་དང་བཙན་དབང་བར་གྱི་འགྲན་རྩོད་ཐོན་བཞིན་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ལྟ་སྟངས་གང་འདྲ་འཛིན་པའི་ཐད་ནས། རྒྱལ་ཁབ་གཅིག་གི་འཇིག་རྟེན་ལྟ་ཚུལ་དང་། སྒྲིག་ལམ་གྱི་ལྟ་ཚུལ། རིན་ཐང་ལྟ་ཚུལ། འགན་འཁྲིའི་ལྟ་ཚུལ་བཅས་མངོན་གྱི་ཡོད། ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་ཀ་ནི་རྩ་དོན་ཡོད་ལ། བདེན་པ་འཛིན་མཁན་གྱི་རྒྱལ་ཁབ་ཡིན་པས། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། མཉམ་ལས་དམ་ཟབ་བཅས་བྱས་ཏེ། འཛམ་གླིང་འདི་ཉིད་བཙན་པོས་གཉོམ་ཆུང་ཟ་བའི་སྣང་ཚུལ་དེར་སླར་ལོག་པར་ངོ་རྒོལ་བྱེད་པ་དང་། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས་ངེས་ཡིན་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་མངོན་འགྱུར་ཡོང་ཐབས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
སང་ཆེ་སིས། ང་རང་ལོ་བཞིའི་ནང་ཀྲུང་གོར་འཚམས་འདྲིར་ཐེངས་བཞི་བཅར་ཐུབ་བྱུང་། དེའི་ཐོག་ནས་ཕྱོགས་གཉིས་པོས་སི་ཕེན་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་པོ་བྱེད་པ་མཚོན་གྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སི་ཕེན་དུ་མ་འཇོག་མཉམ་ལས་བྱས་པ་དེས་སི་ཕེན་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། སི་ཕེན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་མོའི་གནས་བབ་ལ་མཐོང་ཆེན་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་འཐབ་ཇུས་ཀྱི་བརྟན་ཤུགས་ལྡན་པའི་སི་ཕེན་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད། ཉོ་ཚོང་དང་། མ་འཇོག ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་གདོང་ཐུག་ཡང་སེ་ཐོན་པའི་རྩོད་རྙོག་གི་མདུན་དུ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། སྣེ་མང་གི་འཛམ་གླིང་ཞིག་འཛུགས་རྒྱུར་སྐུལ་འདེད་བཏང་ན། གཞི་ནས་མིའི་རིགས་ལ་ཡུན་རིང་གི་ཞི་བདེ་ཡོང་ཐུབ། སི་ཕེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་རྒྱབ་སྐྱོར་ཧུར་ཐག་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བར་འབྲེལ་གཏུག་རོགས་ལས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་ས་ཁོངས་ཆབ་སྲིད་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས། གནམ་གཤིས་འགྱུར་ལྡོག་སོགས་ཐད་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། སི་ཕེན་གྱིས་འཇམ་འཐབ་གསར་པ་ཟེར་བར་ངོ་རྒོལ་བྱེད་པ་དང་། སྦྲེལ་ཐག་གཅོད་པ་ཟེར་བར་ཡང་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཡོ་རོབ་གླིང་དང་ཀྲུང་གོས་ཕན་ཚུན་འབྲེལ་གཏུག་བསམ་བཤེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་མཐུན་ཡོད་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཡང་ཕན་ཐོགས་ཡོད་ཅེས་གསུངས་འདུག།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་གསུང་བཤད་འདིར་རྒྱལ་ཁབ་ཕྱི་ནང་དུ་ལན་ཆ་བཟང་པོ་བྱུང་། ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།