ཞི་ཅིན་ཕིང་ནས་དམག་དཔུང་གིས་འབྲུབ་འགོག་གནོད་སེལ་ནང་ཞུགས་པའི་གནས་ཚུལ་སྙན་ཞུ་གསན་སྐབས། བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་བཏང་སྟེ། འབྲུབ་འགོག་གནོད་སེལ་གྱི་རྗེས་མཐུད་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་བ།
སྤྱི་ཚེས ༢༠ ཉིན་གྱི་སྔ་དྲོ། ཨན་ཧུའེ་རུ་འབྲུབ་འགོག་གནོད་སེལ་ལས་དོན་ཐད་རྟོག་ཞིབ་དང་བརྟག་ཞིབ་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་དམག་དཔུང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ནང་ཞུགས་པའི་གནས་ཚུལ་སྙན་ཞུ་གསན་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། འབྲུབ་འགོག་གནོད་སེལ་ནང་ཞུགས་མཁན་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམགཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད། ཁོང་གིས། བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། ཉེན་སེལ་གནོད་སེལ་སྒྲིག་འཛུགས་ནུས་ལྡན་བྱེད་པ། ས་གནས་ཀྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་རོགས་སྐྱོར་བཅས་བྱས་ཏེ། འབྲུབ་འགོག་གནོད་སེལ་གྱི་རྗེས་མཐུད་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཇུས་པུའུ་དང་། ཤར་ཕྱོགས་འཐབ་ཁུལ། ཨན་ཧུའེ་ཞིང་ཆེན་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་ཨན་ཧུའེ་ཞིང་ཆེན་སྤྱི་ཁྱབ་རུ་ཁག་བཅས་དང་མཉམ་འབྲེལ་ཐོག་ཁག་སོ་སོར་དམག་དཔུང་གིས་འབྲུབ་འགོག་གནོད་སེལ་ནང་ཞུགས་པའི་སྐོར་གྱི་གནས་ཚུལ་སྙན་སེང་ཞུས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོ་འབྲུབ་ཆུ་རྒྱས་ཚུན། སྤྱི་ཟླ ༨ པའི་ཚེས ༡༩ ཉིན་བར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དམག་ཤུགས་མི་ཐེངས་ས་ཡ་གཅིག་དང་ཉིས་འབུམ་ལྷག་བཀོད་གཏོང་བྱས་པ་དང་། ཡུལ་དམག་མི་ཐེངས་སུམ་འབུམ་ལྷག་སྒྲིག་འཛུགས་བྱས་པ། ཞིང་ཆེན ༡༧ གྱི་འབྲུབ་འགོག་གནོད་སེལ་ལས་དོན་ནང་ཞུགས་པ། མང་ཚོགས་ཆིག་འབུམ་བདུན་ཁྲི་ལྷག་གནས་སྤོ་བྱས་པ། རགས་ཁ་དང་སྦུག་ལམ ༣༩༠༠ ལྷག་བཀག་པ། ཆུ་རགས་སྤྱི་ལེ ༩༠༠ ལྷག་བརྟན་དུ་བཏང་བ། གཞུང་ལམ་སྤྱི་ལེ ༣༥༠ ལྷག་འཕྲལ་མར་ཤར་གཏོང་ཐུབ་པ་བྱས་ཡོད།
ཞི་ཅིན་ཕིང་ནས་སྙན་ཞུ་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ད་ལོ་འབྲུབ་ཆུ་རྒྱས་ཚུན། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཆུ་ལོག་གནོད་འཚེ་ཚབས་ཆེན་ཐོན་ཡོད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོགའབྲེལ་ཡོད་ཕྱོགས་ཁག་གིས་མཐུན་སྒྲིལ་འབད་འཐབ་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཀུན་སེམས་གཅིག་ཏུ་བསྒྲིལ་བ། རང་དམག་གི་དཔུང་སྡེས་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་བརྒྱུད། འབྲུབ་འགོག་གནོད་སེལ་གྱི་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། མི་དམངས་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། བཀའ་ཐོས་འཕྲལ་བྱ་སྤྱོད་སྤེལ་བ། ཉེན་ཁའི་ཕྱོགས་སུ་སྐྱོད་པ། འགག་རྩའི་དུས་སུ་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་ཐོན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ནས་ས་གནས་དང་མཉམ་དུ་འབྲུབ་ཆུའི་གནས་ཚུལ་ལ་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དམག་མི་བཀོལ་སྤྱོད་དང་། གནད་ལ་འཕིགས་པོས་དམག་མི་བེད་སྤྱོད་བྱེད་དགོས། ལས་འགན་སྒྲུབ་མཁན་དཔུང་སྡེས་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཀྱིས་དུས་ཐོག་ཏུ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་རྩད་ཞིབ་བྱེད་པ་དང་། ཉེན་སྐྱོབ་གནོད་སེལ་སྒྲིག་འཛུགས་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་རོགས་རམ་བྱེད་དགོས། དམག་དཔུང་ལ་སློབ་གསོ་དོ་དམ་ནན་པོ་བྱེད་པ་དང་། རང་དམག་གི་རྩ་བའི་དམིགས་ཡུལ་ལག་ལེན་ཧུར་ཐག་བསྟར་བ། མི་དམངས་དམག་དཔུང་གི་རྔམ་བརྗིད་ལྡན་པ་དང་ཤེས་དཔལ་ལྡན་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། ད་ཐེངས་ཀྱི་འབྲུབ་འགོག་གནོད་སེལ་གྱིས་རང་དམག་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དམག་དཔུང་གི་དམག་གྲབས་རྣམ་པ། ལས་འགན་སྒྲུབ་པའི་ནུས་པ། དཔོན་དམག་གི་འཐབ་འཛིང་སྙིང་སྟོབས། དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་སོགས་ཕྱོགས་གང་ཅིའི་ཐད་ལ་ཞིབ་བཤེར་བྱས་པ་ཞིག་ཡིན་པས། དེར་ཕྱོགས་བསྡོམས་ཡག་པོ་བྱས་ཏེ་དམག་འཐབ་བྱེད་ཐེངས་རེར་ཡར་རྒྱས་ཡོང་བ་བྱེད་དགོས། འབྲུབ་འགོག་གནོད་སེལ་ཁྲོད་མི་སེམས་འགུལ་བའི་བྱས་རྗེས་མང་པོ་བཞག་ཡོད། གསོན་ཉམས་དོད་པའི་བསླབ་གཞི་དེ་དག་བེད་སྤྱོད་ཡག་པོ་བྱས་ཏེ་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་ནས་ལོ་སྨད་ཀྱི་དམག་ཡོངས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་བཏོན་ཡོད། ཁོང་གིས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པ། བྱ་ཐབས་གསར་གཏོད་བྱེད་པ། ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ ༢༠༢༠ ལོའི་དམིགས་འབེན་ལས་འགན་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མ་མཐའི་རིག་ལམ་རྒྱུན་འཁྱོངས་བྱེད་པ། རིག་པ་གཅིག་ཏུ་སྒྲིམ་ནས་དམག་དཔུང་ལ་སྦྱོང་བརྡར་དང་དམག་འཐབ་གྲ་སྒྲིག་བྱས་ཏེ། གནས་ཚུལ་ཐོན་ཚེ་འགྲོ་ཕོད་པ་དང་རྒྱལ་ཁ་ལེན་རྒྱུར་འགན་ལེན་བྱེད་དགོས། རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་འཆར་འགོད་འགག་གཏོར་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ། སྲིད་ཇུས་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་གཙོ་གནད་ལས་དོན་ཐད་འགན་འཁྲི་ནན་དུ་གཏོང་བ་དང་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྒྲུབ་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་ཡོང་བ་དང་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་སྐུལ་ལྕག་འདི་འདྲ་གནང་འདུག ཞི་ཅིན་ཕིང་གིས་ཧོ་ཧྥེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་ཨན་ཧུའེ་རུ་རྟོག་ཞིབ་གནང་བར་ཕེབས་པ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།