ཞི་ཅིན་ཕིང་གིས་སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༩ པའི་ཚེས ༢༢ ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་འཇོག་གནང་བ་རེད། ཁོང་གིས། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དེའི་ཐད་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་འཁྱོལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་གོང་འཕེལ་ཤུགས་ཆེར་གཏོང་བ། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་རྣམ་གཉིས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་དགེ་འོས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཁྲེང་ཅན་ཕིང་དང་། པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་ཧའོ་ཕིང་། ཐན་ཅིན་སློབ་ཆེན་གྱི་ཧྥོང་དབྱི་ཚའེ་རིག་གཞུང་སྒྱུ་རྩལ་ཞིབ་འཇུག་གླིང་གི་གླིང་གཙོ་ཧྥོང་དབྱི་ཚའེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཁྲེན་ཤིང་ཚན། ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཐན་ཅིན་གཞོན་ནུའི་ཅིང་ཅུས་ཟློས་གར་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མོང་ཀོང་ལུའུ། ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲང་ཧའེ་གཏམ་བརྗོད་ཟློས་གར་སྒྱུ་རྩལ་ལྟེ་གནས་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཤི་མེ་ཅོན། ཀྲུང་གོའི་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་གླིང་གཙོ་ཧྥན་ཏི་ཨན། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ལུའུ་ཅང་། པེ་ཅིང་སློབ་ཆེན་གསོ་རིག་པུའི་རྒྱུན་ལས་ཀྲུའུ་རིན་གཞོན་པ། པེ་ཅིང་སློབ་ཆེན་གྱི་སྨན་ཁང་ཨང་གསུམ་པའི་འགོ་འཛིན་ཆའོ་ཅེའི། པེ་ཅིང་ལུས་རྩལ་སློབ་ཆེན་ཀྲུང་གོའི་ལུས་རྩལ་སྲིད་ཇུས་ཞིབ་འཇུག་ཁང་གི་ལག་བསྟར་འགོ་འཛིན་པའོ་མིང་ཞའོ་སོགས་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་ཁྱབ་ཁོངས་བཅས་ཀྱི་རིགས་གཅིག་མཁས་པ་དང་འཐུས་མིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། སློབ་གསོའི་བསྒྱུར་བཅོས་དང་གོང་འཕེལ། རིག་གནས་རྒྱུད་འཛིན་དང་གསར་གཏོད། འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། སྒོ་ཀུན་ནས་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་མཁན་གྱི་འཐུས་མི་རེ་རེ་དང་སྤེལ་རེས་གཏིང་ཟབ་གནང་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད་ལས་དོན་དང་གནད་དོན་ཁག་ཅིག་ཐད་ཀྱི་བསམ་འཆར་གསན་ནས་དཔྱད་བརྗོད་གནང་བས་ཚོགས་རའི་རྣམ་པ་ཧ་ཅང་གི་འཁྲུག་ཆ་དོད་པོར་གྱུར་ཡོད་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་གྱིས་གསན་བསྒྲུབས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཚང་མས་གཏམ་བཤད་ཡག་པོ་གནང་སོང་ལ། རིན་ཐང་ཆེས་ཆེར་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་གནང་སོང་། ཚོགས་ཞུགས་ཀྱི་དེ་མིན་རིགས་གཅིག་མཁས་པ་དང་འཐུས་མིས་ཡིག་ཐོག་གཏམ་བཤད་ཕུལ་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས་ཞིབ་འཇུག་ནན་ཏན་བྱས་ནས་ཉམས་ལེན་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། སློབ་གསོ་ནི་རྒྱལ་ཁབ་ཅིག་གི་ཇུས་ཆེན་དང་ཏང་ཅིག་གི་ཇུས་ཆེན་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་མཐོ་ཚད་ལ་གཞིགས་ཏེ་སྒོ་ཀུན་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་བརྟན་སྲུང་བྱེད་པ། མི་དམངས་ཀྱི་བློ་ཡིད་འཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས་སློབ་གསོ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་མི་རིགས་བསྐྱར་དར་གྱི་ལས་འགན་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པའི་ཁྲོད་དུ་སློབ་གསོའི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་སློབ་ཚན་བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་ཟབ་ཏུ་གཏོང་བ། སློབ་གྲྭའི་ལུས་རྩལ་མཛེས་དཔྱོད་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ངལ་རྩོལ་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། བྱང་ཚད་སློབ་གསོ་གོང་འཕེལ་གཏོང་བ། སློབ་གསོ་གཞུང་དྲང་ཡོང་རྒྱུར་སྐུལ་འདེད་གཏོང་བ། སློབ་མའི་སྤྱོད་ཤེས་ལུས་མཛེས་ལས་བཅས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་མའི་རྒྱལ་གཅེས་བརྩེ་དུང་དང་། སྤྱི་ཚོགས་ཀྱི་འགན་སེམས། གསར་གཏོད་ཀྱི་སྙིང་སྟོབས། ལག་བསྟར་ནུས་པ་བཅས་གསོ་གསོ་སྐྱོང་བྱེད་དགོས། གོང་འཕེལ་གྱི་གནས་སྟངས་གསར་པ་དང་འཚམ་པའི་སློབ་གསོའི་གྲུབ་གཞི་དང་། རིག་ཚན་ཆེད་ལས་གྲུབ་གཞི། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གྲུབ་གཞི་བཅས་ལེགས་སྒྱུར་བྱེད་དགོས་པ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སྐུལ་འདེད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། རང་རྒྱལ་གྱི་མཐོ་སློབ་ཀྱིས་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་གཅིག་སྡུད་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་གང་མགྱོགས་འགག་སྒྲོལ་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཁོངས་གོང་འཕེལ་འཐབ་ཇུས་ལ་ཞབས་ཞུ་བསྒྲུབ་རྒྱུར་གཞི་ཚུགས་ཏེ་ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ནས་ཕྱོགས་གཅིག་དང་ཁྱོན་ཡོངས་ཟུང་སྦྲེལ་བྱེད་པ་དང་ཤར་ནུབ་མཉམ་ལས་བྱེད་པའི་སློབ་གསོའི་གོང་འཕེལ་བར་ཁམས་ཞིག་གང་མགྱོགས་གྲུབ་པ་བྱས་ཏེ་སློབ་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་གོང་འཕེལ་འཐབ་ཇུས་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་ཏུ་བཏང་ནས་སློབ་གསོའི་བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཁྱོན་ཡོངས་འཕེལ་རྒྱས་དང་ཁྱོན་ཡོངས་ཡར་ཐོན་གྱི་རླབས་ཆེན་བྱ་གཞག་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གླེང་ཐབས་མེད། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རིག་གནས་ནི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ནི་རྟེན་ས་གལ་ཆེན་ཞིག་ཡིན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་རིག་གནས་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར། རིག་གནས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན། རིག་གནས་འཛུགས་སྤེལ་བྱ་རྒྱུ་དེ་ལས་དོན་ཡོངས་ཀྱི་མངོན་གསལ་ཆེ་བའི་གནས་སུ་འཇོག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྤེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་དགོས། རིག་གནས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། མི་རྣམས་ཀྱི་འགྲོ་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་འགྲོ་བར་སྐུལ་ཁྲིད་བྱེད་པ། མི་དམངས་ཡོངས་བསམ་བློ་དང་སྙིང་སྟོབས་ཐོག་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་དར་ཞིང་ཡར་ཐོན་ཡོང་བའི་རྨང་གཞི་དང་། མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཀྱང་ཡིན། ཁྱོན་ཡོངས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པ། མདུན་དུ་ལྷགས་པའི་དཀའ་གནད་རྙིང་པ་དང་འགྲན་རྩོད་གསར་པར་གཅིག་སྡུད་བྱས་ཏེ། ཐབས་ཤེས་ངོ་མ་བཏོན་ནས་བྱེད་ཐབས་བཙན་པོ་སྤྱོད་པ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་དེ་དམིགས་སུ་བཀར་ནས་སྔོན་ལ་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་དགོས། མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་འགན་སྲུང་གང་ཐུབ་དང་། ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་སྲུང་བྱས་ནས། བདེ་ཐང་ལ་ཕན་པའི་འཚོ་བ་སྐྱེལ་སྟངས་དང་། ཐོན་སྐྱེད་བྱེད་སྟངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས། བཅོས་སྐྱོང་བྱེད་སྟངས་བཅས་གང་མགྱོགས་ཆགས་པར་བྱ་དགོས། བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་དགོས། སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགོག་བཅོས་ཟུང་འབྲེལ་དང་། མཉམ་འགོག་མཉམ་འཛིན། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་ནང་རྐྱེན་བརྟན་པོ་འཛུགས་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་ཆེ་གྲས་དང་གནད་དོན་གཙོ་བོར་དམིགས་ནས། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྐུལ་སློང་ལམ་སྲོལ་གསར་གཏོད་བྱ་དགོས། བདེ་ཐང་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འབྱུང་རྩ་ནས་ནད་རིགས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ནད་བཅོས་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པ་མངོན་འགྱུར་བྱ་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་མགྱོགས་སུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐག་ཉེ་ས་ནས་འདྲ་མཉམ་ཐུབ་ཅིང་ཆ་ཚང་ལ་རྒྱུན་མཐུད་ཀྱི་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེས། བདེ་ཐང་སྐུལ་སྤེལ་སོགས་བདེ་ཐང་གི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་འཇུག་དགོས། རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ལག་ལེན་གྱིས་ཞིབ་བཤེར་བྱས་པའི་ཉམས་མྱོང་དང་མ་དཔེ་ནན་ཏན་གྱིས་ཕྱོགས་བསྡོམས་བྱས་ཏེ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་ཐོག་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ལས་ཀར་ཞུགས་པའི་རང་རྒྱལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་འོས་འགན་བསྒྲུབ་དགོས། གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་དངོས་ཟོག་མཁོ་སྤྲོད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་གཏོང་གི་གལ་ཆེའི་ཐབས་ལམ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོར་བར་ཕྱོགས་པ་དང་། སྐྱེ་བོ་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ལུས་རྩལ་གོང་འཕེལ་གྱི་མདུན་དུ་ལྷག་པའི་གནས་བབ་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་དགོས་པ་དང་། གནད་དོན་སྟོན་ཕྱོགས་རྒྱུན་འཁྱོངས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་གཅིག་སྡུད་བྱེད་པ། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལུས་རྩལ་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུར་དམ་པོར་གཞིགས་ནས་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་དགོས། བདེ་ཐང་འགག་སྒོ་མདུན་ཕྱོགས་སུ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་དང་འཕྲོད་བསྟེན་བདེ་ཐང་སོགས་ཚན་པའི་བར་མཐུན་སྦྱོར་ཐུབ་པ་བྱེད་པ། སྤྱི་ཚོགས་ཡོངས་ཐེ་ཞུགས་བྱེད་པའི་ལུས་རྩལ་ལ་བརྟེན་ནས་བདེ་ཐང་ལེགས་སུ་གཏོང་བའི་རྣམ་པ་གསར་པ་ཞིག་འཛུགས་དགོས། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་གིས་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ལུས་རྩལ་འཛད་སྤྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། ལུས་རྩལ་བསྒྱུར་བཅོས་གསར་གཏོད་ཀྱི་གོམ་སྟབས་ལ་སྐུལ་འདེད་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་འགྲོ་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྣོན་དགོས། འགྲན་བསྡུར་ལུས་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། འདེམས་ཐོན། སྐུལ་སློང་སྒྲིག་གཞི་དང་རྒྱལ་ཁབ་རུ་ཁག་གི་དོ་དམ་སྒྲིག་གཞི་བཅས་གསར་གཏོད་བྱ་དགོས། ངར་སློང་སྨན་རྫས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་དང་། ཀུན་སྤྱོད་ཀྱི་གསེར་རྟགས་དང་། ཉམས་འགྱུར་གྱི་གསེར་རྟགས། གཙང་མའི་གསེར་རྟགས་བཅས་ལེན་པའི་འདུ་ཤེས་ཆེ་རུ་བཏང་ནས། ངར་སློང་སྨན་རྫས་གནད་དོན་རྩ་བ་ནས་མི་ཐོན་པ་བྱེད་པ་དང་ཐོན་ཚེ་བཟོད་སྒོམ་བརྟན་ནས་བྱེད་མི་རུང་། སྤུས་ཚད་མཐོ་པོའི་སྒོ་ནས་པེ་ཅིན་གྱི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་གྲ་སྒྲིག་བྱས་ནས། འགྲན་བསྡུར་ངོ་མཚར་ཆེ་བ་དང་། འགྲན་ཞུགས་ངོ་མཚར་ཆེ་བའི་དམིགས་འབེན་འགྲུབ་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཏེང་ཞུའེ་ཞང་དང་། སུན་ཁྲུན་ལན། ཁྲེན་ཞི། ཧོང་ཁུན་མེང་། ཞའོ་ཅེ། ཧོ་ལེ་ཧྥེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་དང་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
རང་ལྗོངས་ཀྱིས་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་འཚོགས། ཝུའུ་དབྱིང་ཅེས་ཧྲའན་ཤིས་ཀྱི་ཏང་སྲིད་འཐུས་མི་དང་བཞུགས་མོལ་གནང་བ། ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མི་དང་བཞུགས་མོལ་ཚོགས་འདུ་འཚོགས། ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ།