སྤྱི་ཚེས ༦ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་སར་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་བརྙན་ལམ་ཚོགས་འདུའི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་སློབ་གསོ་འགོ་ནས་མཇུག་བར་ཁྱབ་པ་བྱས་ནས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་དང་སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་ཆོག་པ་དང་། བློས་འགེལ་ཆོག་པ། བློ་བདེ་བ་བཅས་ཀྱི་སྲིད་ཁྲིམས་དམག་ཧྲག་ཅིག་གསོ་སྐྱོང་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས ༡༡༠ བཀོད་འདོམས་ལྟེ་གནས་སུ་ཝུའུ་དབྱིང་ཅེས་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དུ། ཝུའུ་དབྱིང་ཅེས་འབྲེལ་ཡོད་དཔྱད་ཡིག་ལ་ནན་ཏན་ངང་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་གནས་ཚུལ་སྙན་སེང་གསན་ནས། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཝུའུ་དབྱིང་ཅེས ༡༡༠ བཀོད་འདོམས་ལྟེ་གནས་དང་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ནས་འཐབ་ས་དང་པོའི་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བྱ་སྤྱོད་མྱུར་པོ་དང་། མཐུན་སྦྱོར་མྱུར་པོ། ཐག་གཅོད་མྱུར་པོ་སོགས་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་དེ་བཞིན་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་འབད་བརྩོན་བྱས་པར་ཐུགས་རྗེ་ཆེའང་ཞུས་གནང་བ་རེད།
ཝུའུ་དབྱིང་ཅེས་གསུངས་དོན།མིག་སྔར་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དེ་སྐུལ་སྤེལ་གཏིང་ཟབ་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་ཁྲིམས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་རང་བཤེར་བྱས་ན་གུ་ཡངས་དང་། གཞན་བཤེར་བྱས་ན་ཐག་གཅོད་ནན་པོ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་བསམ་བློའི་སྐུལ་སློང་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་དོགས་འཆར་སེལ་བ་དང་། ཟུར་བསྟན་ལེབ་མཐོང་། གནད་དོན་འཚོལ་བཤེར། རང་བཤེར་རང་བཅོས་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཛུགས་དགོས་པ་གསུམ་འཛུགས་ཐུབ་པ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་བསྐྲུན་དགོས། ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་གྱོད་དཔེ་དཔྱད་གཞིར་བཟུང་ནས་བསམ་ཞིབ་རང་བརྟག་གིས་བསླབ་བྱ་གཏིང་ཟབ་ལེན་པ་དང་ཟུར་བསྟན་ལེབ་མཐོང་གིས་སེམས་ལ་སྐྲག་སྣང་ཡོད་པ་དང་། སྐད་ཆར་འཛེམ་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་སྔར་བས་ཆེ་རུ་གཏོང་དགོས། དཔའ་བོ་དཔེ་བཟང་ལ་སློབ་སྦྱོང་བྱེད་པའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་ཁྲོད་ནས་རྟོག་པ་སད་པ་དང་སྟོབས་ཤུགས་ལེན་པའི་འབོད་སྐུལ་བྱས་ཏེ། སློབ་སྦྱོང་བྱེད་སའི་མིག་དཔེ་ཡོད་པ་དང་ལས་དོན་སྒྲུབ་པར་ཚད་ཤིང་ཡོད་པ་བྱེད་དགོས། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་གཞུང་དོན་དུ་རང་སྲོག་ཤོར་བའི་མི་སྣའི་ནང་མིར་སེམས་ཁུར་བྱས་ཏེ་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།
ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་བོད་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་པའི་དོན་དངོས་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གིས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་། སྤྱི་ཚོགས་དྲང་བདེན་དྲང་གཞག་བཅས་ལ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བར་ངོས་འཛིན་གཏིང་ཟབ་བྱས་ཏེ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་དོན་ཆེན་པོ་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་མིན་དེ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་བྱས་ཏེ་སོ་སོའི་ལས་གནས་ཐོག་ནུས་པ་འདོན་པ་དང་དངོས་སྒྲུབ་ལས་རྗེས་ལ་བརྟེན་ནས་ལས་སླ་པོར་ཐོབ་པ་མ་ཡིན་པའི་དུས་བབ་ཡག་པོར་གཅེས་སྤྲས་དང་། སྲུང་སྐྱོབ། བརྟན་གཏོང་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་ལ་བསམ་འཆར་ཆེ་བའི་བསམ་ཚུལ་ཉན་པ་དང་མང་ཚོགས་ཉེ་འགྲམ་གྱི་བྱ་བ་སྒྲུབ་པ་ནས་འགོ་བརྩམས་ཏེ། མང་ཚོགས་ཀྱིས་གླེང་ཆེ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། གཞི་རིམ་གྱི་དཀའ་ཚེགས་ཆེ་བའི་བྱ་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་སེམས་རྩ་འཁོལ་པོ་དང་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུར་དམིགས་ཏེ་ཞབས་འདེགས་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཡ་རབས་ངང་ཁྲིམས་བསྟར། ཁྲིམས་ལྟར་ལས་སྒྲུབ། སེམས་རྩ་འཁོལ་པོས་ཞབས་ཞུ་བཅས་བྱས་ཏེ་རྒྱ་ཆེའི་ལས་སྒྲུབ་ལས་བྱེད་ཉེན་རྟོག་པའི་དཀའ་སྤྱད་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་དགོས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བ། ཞི་ཅིན་ཕིང་མཚོ་དམག་གི་དམག་གྲུ་རིཊ་གསུམ་གྱི་རྩིས་སྤྲོད་ལེན་བྱེད་སྒོར་ཞུཊ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས། ཁྲིམས་ལྟར་བོད་སྐྱོང་ལས་དོན་གྱི་ཚོཌ་འདུ་གལ་ཆེན་ཞིག་ལྷ་སར་འཚོགས་པ།