མཚོ་དམག་གི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་སྟེ། རྒྱང་སྐྱོད ༡༨ པ་རྟགས་ཅན་གྱི་དམག་གྲུ་དང་། ཏཱ་ལན་རྟགས་ཅན་གྱི་དམག་གྲུ། ཧའེ་ནན་རྟགས་ཅན་གྱི་དམག་གྲུ་བཅས་སྤྱི་ཚེས ༢༣ ཉིན་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ག་གེ་མོ་ནས་གཅིག་སྡུད་ཐོག་རྩིས་སྤྲོད་དམག་ཞུགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་དམག་ཞུགས་བྱེད་སྒོར་ཞུགས་ཡོད་པ་རེད།
སྤྱི་ཟླ་བཞི་པའི་སན་ཡ་དུ། ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ལ་བསིལ་རླུང་འཇམ། དམག་དོན་གྲུ་ཁའི་ནང་དུ་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་གྲལ་སྟར་སྒྲིག་ཡོད་པ་དང་མཚོ་དམག་གི་གུས་ལུགས་ཆེ་ཤོས་སྟེ་དར་ཚོན་གྱིས་བརྒྱན་ཡོད། མཚོ་དམག་དཔུང་སྡེ་དང་དམག་གྲུའི་ཚན་ཞིབ་ཐོན་སྐྱེད་ཚན་པའི་འཐུས་མི ༢༤༠༠ ཙམ་གྲུ་ཁར་རུ་བསྟར་སྒྲིག་ནས་བསྡད་ཡོད་པས། གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད།
ཕྱི་དྲོའི་ཆུ་ཚོད ༣ དང་སྐར་མ ༣༠ ཡི་ཐོག རྩིས་སྤྲོད་དམག་ཞུགས་མཛད་སྒོ་འགོ་ཚུགས་པ་དང་། ཡུལ་དངོས་སུ་སྐད་བསངས་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ངང་བསྒྲེངས་ཡོད། གུས་ལུགས་དམག་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་དཔང་ཡིག་བསྣམས་ནས་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཡོང་ཡོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་དཔང་ཡིག་ཁག་སོ་སོར་རྒྱང་སྐྱོད ༡༨ པ་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན། ཏཱ་ལན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན། ཧའེ་ནན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་བཅས་ལ་གནང་ཡོད། དམག་གྲུ་རིགས་གསུམ་གྱི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཏེ། ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་འདོགས་དཔང་ཡིག་བླངས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
ཀྲང་ཡའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཞུས་ཆི་ལེའང་གིས་དམག་གྲུ་དམག་ཞབས་ནང་ཞུགས་པ་དང་། དམག་གྲུའི་མིང་། གྲུ་ཨང་བཅས་ཁྱབ་བསྒྲགས་གནང་ཡོད། ཏིང་ཤོལ་ཞང་དང་། ལེའུ་ཧོ། དེ་བཞིན་ལི་ཙོ་ཁྲེང་བཅས་མཛད་སྒོར་ཞུགས་ཡོད།
ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ལེ་ཧྥན་ཕེ་དང་། མཚོ་དམག་ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་རྣམ་གཉིས་ནས་ཀྱང་སྔ་རྗེས་སུ་མཛད་སྒོའི་ཐོག་གཏམ་བཤད་གནང་ཡོད།
རྩིས་སྤྲོད་དམག་ཞུགས་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་དུ་མཇུག་འགྲིལ་ཡོད། དེ་རྗེས། ཞི་ཅིན་ཕིང་གིས་དམག་ཞབས་ནང་ཞུགས་པའི་དམག་གྲུ་གསར་པའི་ཐོག་ཕེབས་ནས་དམག་གྲུའི་གུས་ལུགས་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་འབྲེལ་ཡོད་གོ་མཚོན་སྒྲིག་ཆས་ལ་གཟིགས་ཞིབ་གནང་ཞིང་། དཔོན་དམག་རྣམས་དང་སྤེལ་རེས་གནང་བ་དང་སྦྲགས་གྲུ་གཟིངས་ཀྱི་ཉིན་ཐོའི་ཐོག་མཚན་རྟགས་བཀོད་གནང་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། ཞི་ཅིན་ཕིང་གིས་གྲུ་ཁར་དམག་གྲུའི་ཚན་ཞིབ་ཐོན་སྐྱེད་མི་སྣ་དང་མཚོ་དམག་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་མཛའ་བརྩེའི་མཇལ་འཕྲད་གནང་ཡོད།
ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། རྩིས་སྤྲོད་དམག་ཞུགས་བྱས་པའི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་པོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་རྒྱང་སྐྱོད ༡༨ པ་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་ ༤༢༡ པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཏཱ་ལན་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་ ༡༠༥ པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཧའེ་ནན་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་ ༣༡ པ་བཅས་ཁག་སོ་སོར་མིང་བཏགས་ཡོད་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། མཚོ་དམག ཧའེ་ནན་ཞིང་ཆེན་། དེ་བཞིན་དམག་གྲུའི་ཚན་ཞིབ་ཐོན་སྐྱེད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་རྩིས་སྤྲོད་དམག་ཞུགས་མཛད་སྒོར་ཞུགས་ཡོད་པ་རེད།།