སྤྱི་ཟླ ༡༠ ཚེས ༢༦ ནས ༢༨ ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཡར་ཀླུང་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ལས་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་བོད་སྐྱོར་ཐོན་ལས་བོད་སྐྱོར། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། མཐའ་མཚམས་བརྟན་སྲུང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཡུལ་སྨད་ཤང་འཕྲོད་བསྟེན་ཁང་དང་དམག་དཔུང་། ས་གནས་སློབ་གྲྭགཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ།
ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། ལྷག་པར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་མཚམས་སུ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བོད་ཀྱི་ལས་དོན་གྱི་རྩ་འཛིན་དང་བླ་སྲོག་ཏུ་བརྩིས་ཏེ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་སྣེ་གདོང་ཆུས་ཐེར་མ་མི་རིགས་ལག་ཤེས་བསླས་འཐག་ཆེད་ལས་མཉམ་ལས་ཁང་དུ་རྟོག་ཞིབ་གནང་བ།
ཝང་ཅུན་ཀྲེང་གིས་བོད་ལྗོངས་ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞིར་རྟོག་ཞིབ་གནང་བ།
ཝང་ཅུན་ཀྲེང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།
བརྟག་ཞིབ་གནང་རིང་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་ཁེ་གསུམ་གྲོང་ཚོར་ཝང་ཅུན་ཀྲེང་གིས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་སྔ་ཤོས་ཀྱི་གྲོང་ཚོའི་བཤམས་སྟོན་ཁང་ལ་རྟོག་ཞིབ་གནང་བ་དང་། སྣེ་གདོང་ཆུས་ཐེར་མ་མི་རིགས་ལག་ཤེས་བསླས་འཐག་ཆེད་ལས་མཉམ་ལས་ཁང་། བོད་ལྗོངས་ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞི། ལྷུན་རྩེ་རྫོང་གནམ་ཐང་། ལྷུན་རྩེ་རྫོང་བོད་ཕག་གསོ་ཚགས་རྟེན་གཞི། ཟངས་རི་རྫོང་དྭགས་པོ་ཆུ་ཤུགས་གློག་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཁེ་ལས་གཉེར་སྐྱོང་དོ་དམ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ནམ་མཁའ་གཡའ་དག་ཅིང་ཆུ་མོ་དྭངས་བ་དང་གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཡོད། ཝང་ཅུན་ཀྲེང་གྲ་ནང་ཟམ་ཆེན་གྱི་ཟམ་སྣེར་ཕེབས་ནས་ཡར་ཀླུང་གཙང་པོའི་བྱེ་ས་བཅོས་སྐྱོང་དང་། ཤིང་འཛུགས་ནགས་བཟོ། དཔལ་འབྱོར་ནགས་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་པ་རེད།
དུས་རབས་གསར་པའི་རླབས་ཆེན་རྒྱང་སྐྱོད་ཀྱི་ལམ་བུར་དེ་སྔའི་མི་གསུམ་ཤང་ཡིན་པའི་ཡུལ་སྨད་འདི་ཉིད་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ཤང་དུ་བསྐྲུན་ཟིན་ནས་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ལོ ༤ འཁོར་བའི་མཚམས་འདིར་ཝང་ཅུན་ཀྲེང་ཆེད་མངགས་དེ་གར་ཕེབས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་རེད། ཁོང་གིས་ཡུལ་སྨད་ཤང་འཕྲོད་བསྟེན་ཁང་དང་དམག་དཔུང་། ས་གནས་སློབ་གྲྭགཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
བརྟག་ཞིབ་གནང་བའི་ལམ་བར་དུ་ཝང་ཅུན་ཀྲེང་གིས་བོད་དམག་ཁུལ་ཁང་གི་དེ་སྔའི་སི་ལིང་ཡོན་ཀྲང་ཀུའེ་རུང་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གཟིགས་པ་མ་ཟད། མཐའ་སྲུང་གི་འཐབ་ས་དང་པོའི་དཔོན་དམག་ཚོར་འཚམས་འདྲི་གནང་བ་རེད། །