གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་འགྲེམས་སྟོན་འདིའི་ཐོག་འདི་ལྟར་གསུངས།

སྤེལ་དུས་: 2021ལོ་10ཟླ་27ཚེས་ 12:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚན་རྩལ་གསར་སྐྲུན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས། གསར་སྐྲུན་གྱི་བློ་སྤོབས་བརྟན་གཏོང་དང་གསར་སྐྲུན་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་བརྟེན་གང་མགྱོགས་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་གསུངས་གནང་བ།

སྤྱི་ཚེས་༢༦ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད། ཁོང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་བ་དང་། གསར་སྐྲུན་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ། རྨང་གཞིའི་མདུན་གྲལ་དང་། འཐབ་ཇུས་ཀྱི་ལག་རྩལ་རྩེར་སོན། དམངས་འཚོའི་ཚན་རྩལ་སོགས་ཁྱབ་ཁོངས་ལ་ཚན་རྩལ་གྲུབ་འབྲས་གསར་པ་འབོར་ཆེན་ཐོབ་ཡོད། དེ་ནི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་། ཏང་ཡོངས་དང་རྒྱལ་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་ཐུན་མོང་ཐོག་འབད་འཐབ་གནང་བའི་འབྲས་བུ་རེད། མིག་སྔའི་ཆར། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་འགོ་བརྩམས་ཟིན་པ་དང་། ཚན་རྩལ་གསར་སྐྲུན་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ཁྲོད་གནས་བབ་དང་ནུས་པ་གལ་ཆེན་ལྡན་ཡོད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་པོར་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཕྱོགས་པ་བཅས་བྱེད་པ། གསར་སྐྲུན་གྱི་བློ་སྤོབས་བརྟན་དུ་གཏོང་བ། གསར་སྐྲུན་གྱི་གོ་སྐབས་དམ་འཛིན་བྱེད་པ། ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ། གོང་འཕེལ་གྱི་དཀའ་གནད་སེལ་བ། རང་རྟོགས་ངང་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་བརྟེན་མངོན་འགྱུར་བྱེད་མགྱོགས་སུ་གཏོང་བ། འཛམ་གླིང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧེན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ཀྱིས་ཁག་སོ་སོར་འགྲེམས་སྟོན་ལ་གཟིགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་༣དང་སྐར་མ་༤༥སྐབས་ལ། ཞི་ཅིན་ཕིང་གིས་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་ཁང་ནང་གི་འགྲེམས་དངོས་དག་ལ་གཟིགས་ཡོད་པ་རེད། འགྲེམས་སྟོན་ནི་༼གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་བསྐྱོད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། སྤྱིའི་གླེང་གཞི་དང་། ལོ་བརྒྱའི་ཕྱིར་དྲན། རྨང་གཞིའི་ཞིབ་འཇུགམཐོ་གསར་ལག་རྩལ། ཆེད་ལས་རྣམ་གྲངས་ཆེན་པོ། ཞིང་ལས་ཚན་རྩལ། སྤྱི་ཚོགས་གོང་འཕེལ་སོགས་འགྲེམས་ཁུལ་ཁག་༡༢ལ་དབྱེ་ཡོད་པ་དང་། དངོས་པོ་༡༣༠༠ལྷག་དང་། བཟོ་དབྱིབས་༢༠༠ལྷག་འགྲེམས་སྟོན་བྱས་པ་བརྒྱུད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་སྐྲུན་ཐད་གནང་བའི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས་ཐོབ་པའི་ཚན་རྩལ་གྲུབ་འབྲས་གལ་ཆེན་དག་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

འཛམ་གླིང་གི་ཚན་རྩལ་སྔོན་ཐོན་ལ་ཕྱོགས་ཏེ། འགྲེམས་སྟོན་ཐོག་ཚད་རྡུལ་རྩིས་རྒྱག་མ་དབྱིབས་འཕྲུལ་འཁོར་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ། ཤེས་རབ་ཀྱི་མིག་ཅེས་པའི་སྲུང་སྐར་སོགས་ཚན་རིག་སྒྲིག་ཆས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་ཏེ། རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་སྒོ་དབྱེ་གསར་གཏོད་ལས་སྟེགས་རབས་གསར་པ་དང་། ཅིང་ཧྭ་རྟགས་ཅན་གྱི་རང་རྒྱལ་གྱིས་བཟོས་པའི་ཚངས་ཐིག་ཆེ་ཤོས་ཀྱི་ཕུབ་ཆས་སོགས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་ཏེ། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་དཔེ་དབྱིབས་དང་། སྐར་མ་མིག་དམར་འཁོར་ལོ། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན། འབད་འཐབ་པ་རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད། འདུས་གྲུབ་གློག་ལམ་སྒྲིག་ཆས། གོ་ཧོ་ཨང་དང་པོ་རྟགས་ཅན་གྱི་ཉིང་རྡུལ་གློག་འདོན་འཕྲུལ་འཁོར་ཚན་པ་སོགས་རྒྱལ་ཁབ་ཀྱི་ལྗིད་འདེགས་འཕྲུལ་ཆས་གཙོ་གནད་དུ་འགྲེམས་སྟོན་བྱས་ཡོད། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་ཏེ། མི་མེད་རྩི་ཤིང་བཟོ་གྲྭའི་ཆུ་འབྲས་སོན་གསོ་སྤེལ་མགྱོགས་གཏོང་འཕྲུལ་ཆས་དང་། དེ་བཞིན་ཚན་རྩལ་གྱི་རིམས་འགོག་དང་ཚན་རྩལ་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་གསར་ཤོས་སོགས་དངོས་པོ་རེ་རེ་དང་དཔེ་དབྱིབས་རེ་རེ་ལས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་ཐོབ་པའི་འཕེལ་རྒྱས་དང་གྲུབ་འབྲས་གལ་ཆེན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ནན་ཏན་ངང་གཟིགས་པ་དང་། ལས་དོན་མི་སྣའི་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ལོ་ངོ་ ༥༠ འཁོར་བའི་དྲན་གསོའི་ཚོགས་འདུ་དེར་ཞུགས་འདུག ཞི་ཅིན་ཕིང་གིས་ཧྲན་ཏུང་ཏུང་ཡིང་དུ་རྟོག་ཞིབ་གནང་བ། ​ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་འཚོགས་པ། ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་༡༠༠ འཁོར་བར་རྟེན་འབྲེལ་ཞུས་པ།