སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཙོ་འཛིན་གྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཐོགམཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་རེད།
ཝང་ཅུན་ཀྲེང་གིས་སྙན་སྒྲོན་གནང་བཞིན་པ།
བློ་མཐུན་ཝང་ཅུན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་འགོ་བརྗོད་དུ༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས༽ཞེས་འཁོད་པའི་སྙན་སྒྲོན་གནང་བ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ཀྲང་ཞུའེ་ཅེ། བསྟན་ཁོ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོང་མི་གཞན་དག་དང་དམིགས་བསལ་གདན་ཞུས་འཐུས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
ཚོགས་ཆེན་ལ་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི ༥༩༥ ཕེབས་དགོས་པ་དང་དངོས་སུ་འཐུས་མི ༥༦༩ ཕེབས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཚོགས་ཆེན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད།
ཚོགས་ཆེན་བློ་མཐུན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་། ཆུ་ཚོད ༩ དང་སྐར་མ ༤༠ ཙམ་ལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ༽སྐད་གསང་མཐོན་པོས་མཉམ་དུ་བླངས་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་ཁག་བཞིར་དབྱེ་བ་སྟེ། གཅིགཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་། གཉིས། སྤྱི་ཡོངས་གཉིས་བློ་ལ་བརྟན་པོར་ངེས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ། གསུམ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། བཞི། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་བཅས་རེད།
ཚོགས་ར།
ཝང་ཅུན་ཀྲེང་གི་སྙན་སྒྲོན་ནང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། བོད་ཀྱི་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བར་བརྟེན། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་པ་དང་། སྤྱི་ཡོངས་གཉིས་བློ་ལ་བརྟན་པོར་ངེས་པ་དང་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བཅངས་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགན་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་པ། དེ་བཞིན་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། དེ་སྔ་བསྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། སྲུང་སྐྱོང་གཉིས་སྔར་བས་བརྟན་དུ་སོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་བསྐྱོད་པ། དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་དམ་དུ་ཕྱིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། ཆོས་ལུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། བསམ་བློ་རིག་གནས་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། དམངས་གཙོའི་ཁྲིམས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ། ཏང་འཛུགས་སྐྱོང་ལ་རྣམ་པ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།
ཚོགས་ར།
ཝང་ཅུན་ཀྲེང་གིས་གསུངས་དོན། ང་ཚོ་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། གསར་གཏོད་ཀྱིས་ཕྱུག་པ། མི་དམངས་བདེ་སྐྱིད་བཅས་ཀྱི་རླབས་ཆེན་གྱི་དུས་རབས་སུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་། སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུའང་སྐུ་ངོ་མས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འཆར་གཞི་འགོད་པ་དང་། དམིགས་ཚད་གསལ་བཏོན་བྱེད་པ། ཁ་ཕྱོགས་སྟོན་པ་བཅས་བྱས་ནས་བོད་ཀྱི་ལས་དོན་ཀྱི་འཐབ་ཇུས་གནས་བབ་སྔ་ན་མེད་པའི་མཐོ་ཚད་ཐོག་བཞག་པ་དང་། སྔ་ན་མེད་པའི་ཐུགས་ཁུར་དང་། བྱམས་སྐྱོང་། དམིགས་བསལ་རྒྱབ་སྐྱོར་བཅས་གནང་བ། ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གསར་པ་སྦབ་ཆ་གཅིག་ལག་ལེན་གཏིང་ཟབ་བསྟར་ཡོད། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རོགས་རམ་འོག བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཧ་ཅང་འགྲན་ཟླ་བྲལ་བའི་ལེགས་ཆ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཞི་མཐུན་དྲོ་སྐྱིད་བཅས་སྔར་བས་མངོན་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་ལེགས་ཆ་ཤུགས་ཆེན་ལྡན་པ་དང་། ཐོབ་པར་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་ལྡན་པ། སྲ་ཞིང་བརྟན་པའི་གདེང་ཚོད་དང་གཏིང་ཤུགས་ལྡན་ཡོད།
ཚོགས་ར།
སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་གཙོ་བོ་ནི། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་ལ་སྟངས་འཛིན་ནན་པོ་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་ལ་བརྟན་པོར་ཟུག་པ་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་དེ་ལས་བརྒལ་ཐུབ་པ་བྱེད་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྲུང་དང་མཐའ་སྲུང་གི་འཐབ་ཇུས་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཤུགས་ཆེར་གཏོང་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ། ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་རྒྱུ་བཅས་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་གནད་དང་བླ་སྲོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་དང་། དོན་ཆེན་བཞིར་དམིགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་ནས་ས་ཁུལ་དང་གྲོང་ཁྱེར་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་ལ་འགྱུར་བ་དང་། རྫོང་༼ཆུས༽ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང༼ཆུས༽ལ་བསྐྲུན་པ། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་ཀྱིས་རིམ་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་འཛུགས་གཏོད་བྱེད་ཚད་དེ་བརྒྱ་ཆ ༨༠ ཡན་ཟིན་ཐུབ་པ་བཅས་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་ཆགས་པ་བྱས་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་འབད་བརྩོན་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པར་ཤུགས་བརྒྱབ་ནས་GDPདེ་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ ༨༠ ཡན་ཟིན་པ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་ཁག་སོ་སོར་བརྒྱ་ཆ ༨༠ དང་བརྒྱ་ཆ ༡༠ ཡན་ཟིན་པ་བྱེད་རྒྱུ། འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་བྱེད་རྒྱུ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འབད་བརྩོན་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ ༥༠ ཡན་བཟུང་བ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གྱི་དཔེ་སྟོན་ས་གནས་དང་གྲོང་ཁྱེར་གྱིས་བསྡུར་གྲངས་བཟུང་ཚད་བརྒྱ་ཆ ༡༠༠ ཟིན་པ། དཔེ་སྟོན་རྫོང༼ཆུས༽གིས་བསྡུར་གྲངས་བཟུང་ཚད་བརྒྱ་ཆ ༢༠ ཡན་ཟིན་པ་བཅས་བྱེད་དགོས། དེ་བཞིན་ཇོ་མོ་གླང་མ་དང་བྱང་ཐང་གི་རྒྱལ་ཁབ་སྤྱི་གླིང་ ༢ བསྐྲུན་ཐུབ་པའི་བརྩོན་ལེན་བྱས་ཏེ། འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ནས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འབད་བརྩོན་བྱེད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་སྟེ་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་སྟོབས་ཤུགས་མཉམ་དུ་སྒྲིལ་བ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འབད་བརྩོན་བྱེད་དགོས།
ཚོགས་ར།
ཝང་ཅུན་ཀྲེང་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་སླད་ཕྱིན་ལོ་ལྔའི་གཙོ་གནད་ལས་དོན་གྱི་ལས་འགན་ཁ་གསལ་བཏོན་གནང་བ་སྟེ།
གཅིག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་།
གཉིས་ནས་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་དགོས་པ།
གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་ཏན་ཏིག་བྱེད་དགོས་པ།
བཞི་ནས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པ།
ལྔ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་དགོས་པ།
དྲུག་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།
བདུན་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ།
བརྒྱད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གང་མགྱོགས་བཏང་ནས་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས་པ་བཅས་སོ།
ཝང་ཅུན་ཀྲེང་གིས་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཅིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བཅས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་བརྙན་ལམ་ནས་མཇལ་འཕྲད་ཐོག་མ་གནང་བ། སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་དུ་སྒྲོག་འགྲེལ་གལ་ཆེན་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ།