ཟླ ༡༢ ཚེས ༢༦ ཉིན། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་བོད་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་ན་གཞོན་སློབ་མ་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཚོགས་ར།
ཝང་ཅུན་ཀྲེང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ ༥ ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ལེགས་ཆ་འདོན་སྤེལ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས། གཞོན་ནུ་སྒྲིག་འཛུགས་དང་གཞོན་ནུར་དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་པར་ཕན་འབྲས་ཀྱིས་ཕྱུག་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་གཞོན་ནུའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རྒྱ་ཆེའི་གཞོན་ནུ་རྣམས་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ་དང་གཞོན་ནུས་བྱས་རྗེས་འཇོག་པར་ཆ་རྐྱེན་ཡག་པོ་གཏོད་དགོས། རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་བསྙེགས་ཏེ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་ཏན་ཏིག་བཏང་ནས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། མི་རིགས་ཁག་གི་གཞོན་ནུ་དང་ན་གཞོན་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་ར།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞོན་ནུའི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། གཞོན་ནུ་འཚར་ལོངས་དང་ཡར་རྒྱས་ཡོང་བར་མཐུན་རྐྱེན་ཧུར་ཐག་སྦྱོར་དགོས། སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུའི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ་དང་གཞོན་ནུས་བྱས་རྗེས་འཇོག་པར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།