ཞི་ཅིན་ཕིང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།
ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། ལོ་བརྒྱའི་རིང་། ཏང་གིས་རིག་རྩལ་འཐབ་ཕྱོགས་ལ་འགོ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གོའི་རྒྱལ་ཚུལ་དང་སྲོལ་རྒྱུན་རིག་གནས། མི་དམངས་རང་བཞིན་དར་སྤེལ་གཏོང་རྒྱུ་བཅས་དང་འཚམས་པའི་རིག་རྩལ་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་དེ་རང་རྒྱལ་གྱི་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཡིན་པ་དང་། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཡིན་པ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ནི་ཏང་དང་མི་དམངས་ཀྱི་རེ་སྒུག་དང་བླང་བྱ་ཆུད་ཟོས་སུ་མི་གཏོང་མཁན་བཅས་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དེང་དུས་ཀྱི་ཀྲུང་གོ་ནི་རི་ཀླུང་མཛེས་སྡུག་ལྡན་པ་དང་། མི་དམངས་བློ་སྤོབས་ཆེ་བ། མདུན་ལམ་རྒྱ་ཆེ་བ་བཅས་ཡིན། དུས་རབས་ཀྱིས་རང་རྒྱལ་གྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྔར་ན་མེད་པའི་གར་སྟེགས་ཆེན་པོ་བསྐྲུན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཐད་རྒྱ་ཆེའི་རིག་རྩལ་ལས་དོན་པར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཆེན་པོ་དང་འཇོན་རྩལ་འདོན་རིན་ཆེན་པོ་ལྡན་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་རིག་གནས་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ་དང་རིག་གནས་ཀྱི་བློ་སྤོབས་བརྟན་དུ་བཏང་སྟེ། ལོ་རྒྱུས་རང་འགུལ་གྱི་སྙིང་སྟོབས་ཆེན་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་དགོས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དར་ཆ་མཐོན་བསྒྲེང་དང་། དམངས་སེམས་གཅིག་སྡུད། མི་སྣ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་ཐོག་གཅིག་སྡུད་བྱེད་པ། རྨང་གཞི་དང་བླ་སྲོག་བརྟན་འཛུགས་བྱ་རྒྱུའི་ཐད་འགན་འཁྲི་འཁུར་ཐུབ་པ་དང་། དྲང་སྲུང་གསར་གཏོད་ཐད་བྱས་རྗེས་གསར་པ་འཇོག་ཐུབ་པ། སྤྱོད་བཟང་རང་གཅུན་ཐད་རྣམ་པ་གསར་པ་མངོན་ཐུབ་པ། ཞུམ་པ་མེད་པ་དང་ཀུན་སྤྱོད་བཟང་པོའི་ཐོག་ནས་རིག་གནས་གསར་སྐྲུན་བྱེད་པ། ཀྲུང་གོའི་རིག་རྩལ་གྱི་རྣམ་པ་གསར་པ་མངོན་པ། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་བཏོད་པ་བཅས་བྱས་ཐོག ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་སྒྲིལ་ཤུགས། བསམ་པའི་སྐུལ་འདེད་ནུས་པ་བཅས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས་ཡོད།
སྔ་དྲོའི་ཆུ་ཚོད ༡༠ སྐར་མ ༣༠ ཐོག ཚོགས་ཆེན་འགོ་ཚུགས་པ་དང་། ཚོགས་མི་ཡར་བཞེངས་ནས་སྐད་གསངས་མཐོན་པོས་རྒྱལ་གླུ་བླངས་ཡོད།
སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚོགས་ཆེན་སྐོང་འཚོགས་བྱས་པར་རྟེན་འབྲེལ་ཞུས་གནང་བ་མ་ཟད་འཐུས་མི་ཡོངས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པ་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་མི་རིགས་དང་ཚན་རིག་མང་ཚོགས་བཅས་ལ་དབང་བའི་ཀྲུང་ཧྭའི་མི་རིགས་ཀྱི་རིག་གནས་གསར་པ་འཛུགས་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་རིག་གནས་འཛུགས་སྐྱོང་དང་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བའི་ཐད་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་ངོ་བརྒྱའི་རིང་། ཏང་གི་འགོ་ཁྲིད་འོག་རྒྱ་ཆེའི་རིག་རྩལ་ལས་དོན་པས་དུས་རབས་དང་གོམ་པ་མཉམ་བགྲོད་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་སྦྲེལ། གཅིག་སེམས་གཅིག་སྦྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་བློ་བརྟན་འགྱུར་མེད་ངང་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་ཞུགས་ནས། ཕུན་སུམ་ཚོགས་པའི་རིག་རྩལ་རྣམ་པའི་ཐོག་ནས་མི་དམངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཏང་དང་བློ་སེམས་གཅིག་སྒྲིལ་དང་། མི་དམངས་དང་མཉམ་འགྲོ་མཉམ་སྐྱོད་བྱས་པ་དང་། ལྟེ་བར་གཞིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ། དུས་རབས་གོང་འཕེལ་གྱི་སྐད་སྒྲར་ཉན་པ། བསྒྱུར་བཅོས་གསར་གཏོད་ཀྱི་ལག་ལེན་དངོས་ལ་བསྟོད་གླུ་ལེན་པ་བཅས་བྱས་ཏེ་རིག་རྩལ་གསར་གཏོད་དང་རིག་རྩལ་བྱེད་སྒོ། རིག་རྩལ་དམངས་ཕན་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། རྩོམ་རིག་དང་། ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རྩལ། པར་ལེན། ཡིག་གཟུགས། གཏམ་བརྗོད་ཟློས་གར། རྩལ་རྩེད། དམངས་ཁྲོད་སྒྱུ་རྩལ། རིག་རྩལ་དཔྱད་གཏམ། མང་ཚོགས་སྒྱུ་རྩལ། རིག་རྩལ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ལ་ཡར་རྒྱས་ཆེན་པོ་བྱུང་ནས་རང་རྒྱལ་གྱི་རིག་རྩལ་བྱ་གཞག་ལ་མེ་ཏོག་མཉམ་བཞད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་རྣམ་པ་ཞིག་མངོན་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་རྒྱ་ཆེའི་རིག་རྩལ་ལས་དོན་པར་རེ་བ་དོན་ཚན་ལྔ་བཏོན་གནང་བ་སྟེ། གཅིག་ནས། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བརྩེ་སེམས་འཆང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་བརྗིད་ཆེའི་རྣམ་པ་ཇི་བཞིན་མངོན་པ་བྱེད་དགོས། གཉིས་ནས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ་ཉམས་པ་མེད་པའི་མི་དམངས་ཀྱི་དཔའ་བོའི་ལོ་རྒྱུས་རྩོམ་དགོས། གསུམ་ནས། དྲང་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རབས་ཀྱི་རྗེས་སུ་སྙེགས་པའི་ཕུལ་བྱུང་བརྩམས་ཆོས་ཐོག་ནས་རིག་རྩལ་གྱི་གནས་ཚད་གསར་པ་གཏོད་དགོས། བཞི་ནས། བརྩེ་བ་ཟབ་མོ་དང་སེམས་ནུས་ཆེན་པོས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་དེ་འཛམ་གླིང་ཕྱོགས་སུ་ཡིད་ཆེས་རུང་བ་དང་། གཅེས་པར་འོས་པ། གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་ཐུབ་པ་བྱེད་དགོས། ལྔ་ནས། དྲང་ཕྱོགས་ཀྱི་ལམ་དུ་བསྐྱོད་རྒྱུ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀུན་སྤྱོད་དང་རིག་རྩལ་གཉིས་པོའི་མཚན་སྙན་བརྩོན་ལེན་ཁྲོད་དུ་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས། རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་ཤིག་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་མི་ཚེའི་དོན་གཉེར་དང་སྒྱུ་རྩལ་གྱི་ཚེ་སྲོག་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བསམ་འདུན་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་དང་རིག་གནས་འཛུགས་སྐྱོང་གིས་རྨང་གཞི་བྱེད་པ། རིག་གནས་ལ་བརྟེན་ནས་ཡང་དག་པའི་བསམ་བློ་འཛུགས་པ། རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་རྒྱུར་སྣང་ཆེན་བྱེད་པ། རིག་རྩལ་གསར་གཏོད་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་དང་མི་དམངས་ཀྱི་འབད་འཐབ་རྒྱང་སྐྱོད་ལམ་བུའི་ཐོག་འབྲི་དགོས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་དུས་རབས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་འཕོ་འགྱུར་ཆེན་པོ་མཚོན་པ། ལོ་ངོ་བརྒྱའི་ཀྲུང་གོའི་འཕོ་འགྱུར་ཆོས་ཉིད་གསལ་སྟོན་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ཀྱིས་ལྟེ་བ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་། ཀྲུང་གོའི་གོང་འཕེལ། མི་དམངས་ཀྱི་རེ་འབོད་ཁྲོད་དུ་བརྗོད་དོན་གཙོ་བོ་ཞུན་བརྡར་དང་བརྗོད་གཞི་བསྡུ་ལེན་བྱས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་ཉམས་དང་རི་ཀླུང་གི་མཛེས་ཉམས། རིག་གནས་ཀྱི་མཛེས་ཉམས་བཅས་མངོན་པ་བྱེད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་དང་། གསར་གཏོད་ནུས་པ། གོང་འཕེལ་གྱི་གྲུབ་འབྲས་བཅས་བྲིས་ཏེ་ཕྱོགས་ཡོངས་ནས་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིང་གིས། མི་དམངས་ལས་འབྱུང་བ་དང་། མི་དམངས་ཀྱི་ཆེད་དུ། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་འགྲོ་བའི་སྒུལ་ཤུགས་གནས་ས་ཡང་ཡིན། རིག་རྩལ་གྱིས་མི་དམངས་ནས་ལོ་རྒྱུས་གསར་དུ་གཏོད་པའི་འཕེལ་རིམ་ལ་སྤྲོ་སྣང་ཆེ་ཤོས་ཐོག་ནས་བསྟོད་གླུ་འབུལ་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་དཀའ་བ་ཁྱད་དུ་གསོད་མཁན་ཡོད་དོ་ཅོག་དང་མི་དམངས་ཀྱི་ཆེད་བློས་གཏོང་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོ་ཡོད་དོ་ཅོག་ལ་བསྟོད་པའི་བསྔགས་པ་བརྗོད་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་ཐུབ་པ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་འགྲོ་བ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་དེ་ལས་མང་བ་གསར་རྩོམ་བྱས་པ་བརྒྱུད། རིག་རྩལ་གྱི་མེ་ཏོག་རྣམ་པར་བཀྲ་བ་དག་མི་དམངས་ཀྱི་ཆེད་དུ་བཞད་ཐུབ་པ་བྱ་དགོས། མི་དམངས་རྣམས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོར་འགྱུར་བ་བྱ་དགོས་པ་མ་ཟད། ད་དུང་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་དང་བརྩེ་སེམས་མཚོན་སྟངས་མི་དམངས་དང་གཞི་གཅིག་ཏུ་སྒྲིལ་ཏེ། དུས་རབས་དང་མི་དམངས་ལ་བསྟོད་གླུ་འབུལ་དགོས། ཀྲུང་གོའི་རིག་རྩལ་ཇེ་བཟང་ཇེ་ལེགས་དོན་གཉེར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་པ་དང་། བསམ་བློ་ཟབ་ཅིང་། ཁམས་དྭངས་བབ་ཆགས། ངར་ཤུགས་དང་ལྡན་པ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་དག་མི་དམངས་ཀྱི་མཛེས་ཆོས་ལྟ་བ་དང་རིན་ཐང་ལྟ་བའི་གསོས་སུ་འགྱུར་བར་བྱས་ནས། མི་དམངས་ཀྱི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་རབས་གཅིག་གི་རིག་རྩལ་གྱི་གྲུབ་འབྲས་དེ་གཙོ་བོ་བརྩམས་ཆོས་ལ་བལྟ་དགོས་ཤིང་། རྩོམ་རིག་མཁས་པ་དང་སྒྱུ་རྩལ་མཁས་པའི་མི་ཚེའི་རིན་ཐང་ཡང་བརྩམས་ཆོས་ལ་བལྟ་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཡག་ཐོག་ཡག་བརྩེགས་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ། ང་ཚོའི་རླབས་ཆེན་གྱི་མི་རིགས་འདི་དང་རླབས་ཆེན་གྱི་དུས་རབས་འདིར་ངོ་གནོང་མི་དགོས་པའི་བརྩམས་ཆོས་རྩེ་གྲ་གསར་རྩོམ་ཧུར་ཐག་བྱ་དགོས། སྤུས་ཀ་ལེགས་སུ་གཏོང་རྒྱུ་དེ་རིག་རྩལ་བརྩམས་ཆོས་ཀྱི་ཚེ་སྲོག་ལྟ་བུར་བརྩིས་ནས། བརྩམས་ཆོས་ཀྱི་སྙིང་སྟོབས་ནུས་ཤུགས་དང་། རིག་གནས་ཀྱི་ནང་དོན། སྒྱུ་རྩལ་གྱི་རིན་ཐང་བཅས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་འདུ་ཤེས་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་བྱས་ཐོག སྒྱུ་རྩལ་གསར་རྩོམ་གྱི་ནུས་པ་དང་ཀྲུང་ཧྭ་རིག་གནས་ཀྱི་རིན་ཐང་མཉམ་འདྲེས་ཐུབ་པ་དང་། ཀྲུང་ཧྭ་ཡི་མཛེས་ཆོས་རིག་པའི་སྙིང་སྟོབས་དང་དེང་རབས་ཀྱི་མཛེས་ཆོས་ལྟ་བ་ཟུང་འབྲེལ་ཐུབ་པ་བྱེད་པ། ཀྲུང་ཧྭ་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱ་དགོས། རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། གནའ་བོའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ལས་གནའ་བོའི་འགོག་རྐྱེན་མི་ཕོག་པ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་རིག་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་བེད་སྤྱོད་ཡང་དག་བྱས་ནས། གསར་གཏོད་ཀྱི་འཆར་སྣང་འཕེལ་བ་དང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བསམ་བློ་དང་བརྩེ་དུང་མཚོན་པ་བཅས་བྱས་ཏེ། རིག་རྩལ་གསར་རྩོམ་ཐད་དོན་སྙིང་དེ་བས་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བ་ལྡན་པའི་གནས་ཚད་གསར་པ་ཞིག་གཏོད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ལ་སྔར་ནས་བཟུང་གནམ་འོག་གི་བརྩེ་སེམས་ཟབ་མོ་ལྡན་ཡོད། དེང་རབས་ཀྲུང་གོའི་རིག་རྩལ་གྱིས་མིག་རྒྱང་འཛམ་གླིང་ལ་ཕྱོགས་པ་དང་མིའི་རིགས་ལ་ཕྱོགས་དགོས། རིག་གནས་ལ་བརྟེན་ནས་མི་སེམས་འགུག་ན་སེམས་ཁམས་དེ་བས་གོང་བུར་འགྲིལ་ཐུབ་པ་དང་། སྒྱུ་རྩལ་ལ་བརྟེན་ནས་སེམས་པ་གཅིག་མཐུན་ཡོང་བ་བྱས་ན་འཛམ་གླིང་དང་དེ་བས་འབྲེལ་གཏུག་བྱེད་སླ་བ་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པར་སེམས་ཤུགས་དང་འདུན་པ་ཆེན་པོ་ཡོད་དགོས་ཤིང་། མི་རབས་དུ་མའི་རིང་བརྒྱུད་པ་དག་རྒྱུན་འཛིན་དང་དེང་དུས་ཀྱི་འགྱུར་ལྡོག་རྟོགས་ཐུབ་པ་བྱས་ཏེ། ཀྲུང་གོའི་མཛེས་ཆོས་ཀྱི་ནང་དོན་མཚོན་པ་དང་། ཀྲུང་གོའི་དེང་རབས་ཀྱི་རིན་ཐང་འདུ་ཤེས་བརྒྱུད་བསྒྲགས་བྱེད་པ། མིའི་རིགས་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་ཚུལ་མངོན་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་དགོས། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་སྟེ། འཛམ་གླིང་གིས་ཤེས་རྟོགས་ཐུབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་གཟུགས་བརྙན་དེ་བས་མང་བ་གཏོད་པ་དང་། གསོན་ཉམས་དོད་ལ་ལངས་གཟུགས་ཀྱི་ཀྲུང་གོ་ཞིག་ཧུར་ཐག་མངོན་པ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེའུ་གསར་པ་རྩོམ་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཐོག འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་རིག་མཁས་པ་དང་སྒྱུ་རྩལ་མཁས་པའི་དབར་སྤེལ་རེས་བྱེད་དགོས། མི་རིགས་ཅན་དུ་འགྱུར་བའི་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པར་མཐོང་ཆེན་དང་། མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ། ཉམས་འགྱུར་མི་འདྲ་བ་དང་། སྒྱུ་རྩལ་མཚོན་ལུགས་མི་འདྲ་བ། རྣམ་པ་དང་དཔེ་གཞི་མི་འདྲ་བ་བཅས་རྒྱ་སྐྱེད་བཏང་སྟེ། འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་སུ་ཀྲུང་གོའི་ཉམས་འགྱུར་དང་ཀྲུང་གོའི་ཉམས་སྣང་མངོན་གསལ་དོད་པོ་ཡོང་བ་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། རིག་རྩལ་གྱིས་ཀུན་སྤྱོད་བཟང་དུ་གཏོང་བའི་འགན་འཁྲི་འཁུར་ཡོད། སྤྱོད་འཛུགས་མི་སྐྱོང་བྱེད་པར་སྔོན་ལ་རང་ཉིད་སྐྱོང་དགོས་པ་དང་། ཚེ་སྲོག་གཏོད་ཅིང་རྩ་བ་འཛུགས་མཁན་དག་གིས་སྔོན་ལ་རང་ཉིད་གཏོད་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་། སྤྱི་ཚོགས་ཀྱི་གཟུགས་བརྙན། བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་ཡོང་རྒྱུར་བརྩོན་ལེན་བྱེད་པ། བླ་ན་མེད་པའི་སྤྱོད་ལམ་དང་རིག་རྩལ་སྤུས་ཚད་གཉིས་ཀ་ལྡན་པའི་བརྩམས་ཆོས་གསར་རྩོམ་གནས་ལ་འབད་པ་ལྷུར་ལེན་བྱས་ཏེ། ལོ་རྒྱུས་ཀྱི་ཆེད་དུ་སྲོལ་བཟང་དར་སྤེལ་དང་། སྐྱེ་བོ་ཀུན་གྱི་ཆེད་དུ་སྤྱོད་བཟང་དར་སྤེལ། རང་ངོས་ཀྱི་ཆེད་དུ་མིང་གྲགས་འཇོག་པ་བཅས་བྱེད་དགོས། རིག་རྩལ་ནི་གོ་བདེ་ལ་རྟོགས་སླ་བ་ཞིག་ཡིན་དགོས་མོད། འོན་ཀྱང་མ་རབས་ཐ་ཤལ་དང་ངོ་བསྟོད་གཏན་ནས་བྱེད་མི་རུང་། རིག་རྩལ་གྱིས་འཚོ་བ་མཚོན་དགོས་མོད། འོན་ཀྱང་དར་སྲོལ་མི་ལེགས་པ་བཟོ་མཁན་དང་། རྗེས་སུ་འབྲང་མཁན། འུད་སྒྲོག་བྱེད་མཁན་བཅས་སུ་གཏན་ནས་འགྱུར་མི་རུང་། རིག་རྩལ་གྱིས་གསར་གཏོད་བྱེད་དགོས་མོད། འོན་ཀྱང་ཡ་མཚན་ཆེ་བ་དང་བཟོ་ལྟ་ཙམ་བསྟན་པ་ཞིག་ཡིན་མི་རུང་། རིག་རྩལ་གྱིས་ཕན་འབྲས་ལ་དང་དོད་བྱ་དགོས་མོད། འོན་ཀྱང་དངུལ་ལོར་ཁོ་ན་དོན་དུ་གཉེར་བ་དང་ཁྲོམ་ར་ཁོ་ན་བསམ་མཁན་ལ་གཏན་ནས་འགྱུར་མི་རུང་། གསར་རྩོམ་བྱེད་པར་སེམས་ནུས་ཡོད་རྒུ་འདོན་དགོས་པ་དང་། འཁྲབ་སྟོན་བྱེད་པར་རང་ཉིད་ཀྱི་འཇོན་ནུས་ངོ་མར་བརྟེན་དགོས། གཟུགས་བརྙན་ནི་གསར་བཞེངས་བྱེད་པར་བརྟེན་དགོས། ཕན་འབྲས་ནི་སྤུས་ཚད་ལ་བརྟེན་དགོས། སྙན་གྲགས་ནི་ཀུན་སྤྱོད་དང་སྒྱུ་རྩལ་ལ་བརྟེན་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་རང་ཉིད་ཀྱི་སྤྱི་ཚོགས་ཤུགས་རྐྱེན་ལ་གཅེས་འཛིན་བྱས་ནས། བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་ནན་ཏན་དང་གཟབ་ནན་ངང་བསམ་གཞིག་བྱེད་དགོས། གལ་ཏེ་རིག་རྩལ་ལས་དོན་པ་ཞིག་གི་སྤྱོད་པ་ཚུལ་དང་མི་མཐུན་པ་ན། མི་དམངས་ཀྱིས་དང་ལེན་བྱེད་མི་སྲིད་ལ་དུས་རབས་ཀྱིས་ཀྱང་དང་ལེན་བྱེད་མི་སྲིད་པ་དང་། རང་བཀུར་མ་བྱས་ན་བརྩི་འཇོག་ཐོབ་མི་སྲིད་པས། རྒྱ་ཆེའི་རིག་རྩལ་ལས་དོན་པས་སྤུས་ཚད་ལ་སྣང་ཆེན་དང་། སྤྱོད་བཟང་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བཅས་བྱས་ནས། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ་དང་། ཁ་གསལ་གཏིང་གསལ་ངང་བྱ་བ་སྒྲུབ་པ། བདེན་བཟང་དོན་ལ་བསྟོད་པ། རྫུན་ངན་བཙོག་གསུམ་ལ་སུན་འབྱིན་བཅས་བྱེད་དགོས། ལས་རིགས་ཀྱི་སྤྱོད་ཚུལ་དང་ཀུན་སྤྱོད་དར་སྤེལ་བཏང་ནས། རང་བཀུར་དང་རང་གཅེས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ། དྭངས་གསལ་གཡོ་ལྷད་བྲལ་བ་བཅས་ཀྱི་ལས་རིགས་ཀྱི་དར་སྲོལ་གཏོད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཏང་གི་འགོ་ཁྲིད་འོག་རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་རིག་རྩལ་ལས་དོན་པར་མཐུན་སྒྲིལ་རྒྱ་ཁྱབ་དང་གོང་བུ་གཅིག་ཏུ་སྒྲིལ་དགོས་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་རིག་རྩལ་ལས་དོན་པ་དང་སྒྱུ་རྩལ་མཁས་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་ཀྱི་བཟང་ཆ་འདོན་སྤེལ་དང་ལས་དོན་མ་ལག་གསར་སྐྲུན་བྱས་ཏེ། རིག་རྩལ་རྩ་འཛུགས་གསར་པ་དང་རིག་རྩལ་ཁྱུ་ཚོགས་གསར་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གཞི་རིམ་རིག་རྩལ་ལས་དོན་པར་ཕྱོགས་ལྷུང་བྱེད་པ། བྱ་གཞག་གིས་ཤེས་ལྡན་མི་སྣར་སྐུལ་ལྕག་བཏང་ནས་ཤེས་ལྡན་མི་སྣས་བྱ་གཞག་གཏོད་ཐུབ་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱས་ཐོག སྒྱུར་བཅོས་གཏིང་ཟབ་དུ་གཏོང་བ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་གཞི་འཐུས་ཚང་བཟོ་བ་བཅས་བྱས་པ་བརྒྱུད། རྩེར་སོན་བརྩམས་བྱ་དང་ཤེས་ལྡན་མི་སྣ་ཟམ་མི་ཆད་པར་ཐོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་དང་དཔྱད་གཏམ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་ཁྲིད་སྟོན་དང་ཕྱོགས་བསྡུས་བཅོས་སྐྱོང་གཉིས་གཙོ་ཆེ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དྭངས་ཞིང་གཙང་བའི་རིག་རྩལ་འབྱུང་ཁམས་འཛུགས་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣ་ཤེས་རྟོགས་ཐུབ་པ་དང་ཤེས་ལྡན་མི་སྣར་གཅེས་སྐྱོང་བྱེད་པ། ཤེས་ལྡན་མི་སྣར་གུས་བཀུར་བྱེད་པ། ཤེས་ལྡན་མི་སྣ་བེད་སྤྱོད་བྱེད་པ་བཅས་བྱས་ནས། ན་གཞོན་རིག་རྩལ་ལས་དོན་པས་ཡང་དག་པའི་འགྲོ་ལམ་སྲུང་བ་དང་དེའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོས་གསར་སྐྲུན་མང་ཙམ་བྱེད་པ་དང་རྩེར་སོན་བརྩམས་བྱ་འདོན་རྒྱུར་སྐུལ་ལྕག་གཏོང་བ། ཁོང་ཚོས་འགན་འཁྲི་ཆེན་པོ་འཁུར་བ་དང་དོན་ཆེན་བསྒྲུབ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། དེང་སྐབས་ཀྲུང་གོའི་རྩོམ་རིག་མཁས་པ་དང་སྒྱུ་རྩལ་མཁས་པ་འབོར་ཆེན་འཚར་ལོངས་ཐུབ་པ་དང་ཀྲུང་གོའི་རིག་རྩལ་གྱི་གནམ་ས་སྔར་བས་འོད་སྣང་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གིས་འགོ་ཚུགས་ཤིས་ཚིག་བསྒྲོན་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོའོ་ཡིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་གསུང་བཤད་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཁག་གཅིག་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་རིག་རྩལ་ལས་དོན་པའི་འཐུས་མི། དམིགས་བསལ་གདན་ཞུའི་སྐུ་མགྲོན་སོགས་མི ༣༠༠༠ ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་རྒྱུ། ཞི་ཅིན་ཕིང་གིས༢༠༢༡·ལྷོ་ལྷོའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེཌ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་གསུང་བཤད་གནང་འདུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།