ཝང་ཅུན་ཀྲེང་གིས་ཤིང་འཛུགས་ནགས་བཟོའི་གནས་ཚུལ་གྱི་ངོ་སྤྲོད་གསན་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་སྒྱུར་བའི་འདུ་འགོད་ལ་བརྟག་ཞིབ་གནང་བ་རེད། ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོའི་ཁུལ་དུ་ཝང་ཅུན་ཀྲེང་གིས་ཤིང་འཛུགས་ནགས་བཟོའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཤིང་སྣ་མི་འདྲ་བའི་ཁྱད་ཆོས་དང་། སྐྱེ་འཚར་གྱི་དུས་ཡུན། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཚང་མ་དང་མཉམ་དུ་ལྕང་ཁུང་འདྲུ་བ་དང་ཆུ་རྒྱག་པ་སོགས་གནང་ནས་ལྕང་སོན་བཏབ་གནང་བ་རེད། ཝང་ཅུན་ཀྲེང་གིས་སྔོ་ལྗང་གིས་བཀླུབས་པའི་ལྷ་ཀླུ་འདམ་རར་རྒྱང་ལྟ་གནང་བཞིན་ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོབ་པའི་བྱ་བ་ཞིག་རེད། དེར་བརྟེན། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བསྟུན་པ་དང་གང་ལ་གང་འཚམ་འཛུགས་པ་མཐའ་འཁྱོངས་བྱས་ཏེ། གླ་ཚེར་དང་ཤུག་པ་སོགས་གསོན་སླ་བའི་བོད་ཀྱི་ལྗོན་ཤིང་བདམས་ནས་ནགས་བཟོ་སྲུང་སྐྱོང་བྱེད་ཚད་ཆེ་རུ་ཏན་ཏིག་གཏོང་དགོས། རི་བོ་སྔོ་ལྗང་ཅན་དུ་སྒྱུར་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་སྔོ་ལྗང་ཅན་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་ཤིང་འཛུགས་ནགས་བཟོའི་ནང་ཞུགས་པར་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཁྲོད་ནས་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ལྷ་སའི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་སྒྱུར་བའི་འདུ་འགོད་ནི་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་འདུ་འགོད་ཅིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་ཡང་ཡིན། ཝང་ཅུན་ཀྲེང་བྱང་རིའི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཕེབས་ནས་ཤིང་འཛུགས་ནགས་བཟོའི་གནས་ཚུལ་གྱི་ངོ་སྤྲོད་གསན་ཞིང་།ལོ་མང་གོང་བཏབ་པའི་ཤུག་པ་ལོ་འདབ་རྒྱས་ནས་ཡག་པོ་སྐྱེས་ཡོད་པ་གཟིགས་སྐབས་ཝང་ཅུན་ཀྲེང་གིས་ནགས་བཟོའི་ལས་དོན་ལ་ཁས་ལེན་གནང་བ་རེད། ཁོང་གིས་ལྷ་སའི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་སྒྱུར་བའི་འདུ་འགོད་ནི་ཡུན་རིང་གི་འདུ་འགོད་ཅིག་ཡིན་པས།ཁྱོན་ཡོངས་ལ་བསམ་བློ་གཏོང་བར་བརྟེན་ནས་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་པ། མགྱོགས་མྱུར་གྲུབ་འབྲས་ཐོན་པའི་བསམ་བློ་འགོག་པ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་བཅས་ཀྱི་སྒོ་ནས་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་དགོས། ཡུལ་མིར་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་རྩི་ཤིང་འདེབས་རྒྱུར་ལྕག་སྐུལ་བྱས་ནས་གྲོང་གསེབ་སྔོ་ལྗང་ཅན་དུ་སྒྱུར་བ་དང་སྒོ་ར་མཛེས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཚང་མ་དང་མཉམ་དུ་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་སྒྱུར་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བསམ་བློ་ཆབ་སྲིད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་སྒྱུར་བའི་བྱ་སྤྱོད་སྤེལ་བ་དང་ལྷ་སའི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་སྒྱུར་བའི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུའི་བཀོད་སྒྲིག་ལྟར་ལྷ་སའི་ལྷོ་རི་དང་བྱང་རི་སྔོ་ལྗང་ཅན་དུ་སྒྱུར་བའི་འདུ་འགོད་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ཐད་བོད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།