གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་གྲོས་མོལ་གནང་བ།

སྤེལ་དུས་: 2023ལོ་10ཟླ་27ཚེས་ 15:46 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༠ ཚེས ༢༥ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེ་ཐེ་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༠ ཚེས ༢༥ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༡༠ ཚེས ༢༥ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ ༤༣ སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་དམངས་ཀྱི་མཛའ་གྲོགས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱུང་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་ཡུན་རིང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་བ་ལམ་ལྷོངས་བྱུང་བའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། ཕྱོགས་གཉིས་པོས་གཅེས་སྤྲས་ལྡབ་བརྒྱ་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དེ་བས་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་དྲང་ནུས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་དང་ནང་དོན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་རང་ཚུགས་རང་བདག་གི་སྒོ་ནས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་དང་ཁོ་ལོམ་པི་ཡའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོ་ལོམ་པི་ཡར་སྔ་ཙམ་ཕྱོགས་ཡོངས་དང་།  རྒྱུན་སྲིང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཞི་བདེ་མངོན་འགྱུར་ཡོང་བའི་རེ་བ་ཡོད་ལ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་གྱིས་ཁོ་ལོམ་པི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་གྱི་འབྲེལ་བའི་རྨང་གཞི་ནི་འདྲ་མཉམ་དང་། གཉིས་ཕན། གཉིས་ཁེ་བཅས་ཡིན། ཁོ་ལོམ་པི་ཡ་རྒྱུད་གཅིག་ལམ་གཅིག་གི་ཁྱིམ་ཚང་ཆེན་པོའི་ནང་སྔ་ཙམ་ཞུགས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཨུ་ལྷན་གྱི་ལམ་སྲོལ་ཡག་པོ་སྤྱོད་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་ལེགས་སུ་གཏོང་བ། ཆ་འཕྲིན་འཕྲིན་གཏོང་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་ཁྱད་ལྡན་ཐོན་རྫས་སྤུས་དག་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲོས་འགོར་ཞུགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་རྒྱ་ཡིག་སློབ་ཁྲིད་དང་། སྒྱུ་རྩལ་ཚོགས་པའི་ཚོགས་ཆུང་གི་ཕན་ཚུན་འཚམས་འདྲི། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དུག་འགོག་དང་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་ཁྲིམས་སྒྱུར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཁོ་ལོམ་པི་ཡར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། ཁེ་ལས། ལས་ཁུངས་བཅས་ཀྱི་བདེ་འཇགས་འགན་ལེན་ཡག་པོ་བྱེད་པའི་རེ་བ་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་མཚུངས་ཡིན་པས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི ༢༠༢༥ ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་འཁུར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྔར་རྒྱུན་བཞིན་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས་སང་ལོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་བཙུགས་ནས་ལོ ༡༠ འཁོར་བ་གོ་སྐབས་སུ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཕེ་ཐེ་ལུའོ་ཡིས་གསུངས་དོན། ལོ་མང་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཆའི་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁོ་ལོམ་པི་ཡ་དང་ཀྲུང་གོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་རང་ངོས་ཀྱི་ས་བབ་ལེགས་ཆ་དང་འཕེལ་རྒྱས་འཐབ་ཇུས་དེ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་སྦྲེལ་མཐུད་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ལོམ་པི་ཡར་མ་རྩ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཕྱོགས་གཉིས་པོའི་ཚོང་དོན་འབྲེལ་བ་དེ་བས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཁོ་ལོམ་པི་ཡའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་དང་མི་དམངས་ཀྱིས་རེ་སྒུག་བྱེད་པའི་ཞི་བདེ་བརྟན་ལྷིང་དང་ལས་ཞུགས་འཕར་རྒྱུ་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་པ་མ་ཟད། ས་ཁུལ་དང་འཛམ་གླིང་ཕན་ཚུན་འབྲེལ་མཐུད་ཀྱང་ཟབ་ཏུ་འགྲོ་རྒྱུ་རེད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། དམག་མཚམས་འཇོག་རྒྱུ་དང་འགལ་ཟླ་ཆུང་དུ་གཏོང་བའི་ཐག་གཅོད་ཇུས་གཞི་གང་མགྱོགས་འཚོལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ  གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་དགའ་བསུ་ཞུ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་དང་ ༢༠༢༥ ལོར་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་འཁུར་བའི་གོ་སྐབས་སྤྱད་དེ། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད།།

གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐོན་ལས་མ་འཇོག་དང་། ཚོང་དོན། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཞིང་ལས། ཚན་རྩལ། སློབ་གསོ། རིག་གནས། ཞིབ་བཤེར་དང་ནད་ཡམས་ཞིབ་དཔྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།

ཕྱོགས་གཉིས་པོས༼འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེ་ཐེ་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས ༢༡ བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཕེ་ཐེ་ལུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེ་ཐེ་ལུའོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད། ། 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཐད་བསྟན་དོན། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ༿་ཆེ༾ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་བོད་ལྗོངས་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བ།