གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཐད་བསྟན་དོན།

སྤེལ་དུས་: 2023ལོ་10ཟླ་13ཚེས་ 15:39 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྔར་བས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་པའི་ནན་སྟོན་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡༢ ཉིན་གྱི་ཕྱི་དྲོ་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་གནས་འཁེལ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། མཉམ་དུ་སྲུང་སྐྱོང་ཆེན་མོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱ་རྒྱུ་རྒྱུན་འཁྱོངས། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་འཕེལ་རྒྱས་རྒྱུན་འཁྱོངས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་གཏོང་བ། སྲིད་ཇུས་མཐུན་སྦྱོར་དང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕུགས་རྒྱང་རིང་པོར་དམིགས་པ་དང་། ཕུགས་རྒྱང་རིང་པོའི་ཐབས་ཇུས་ལག་བསྟར། ཡུན་རིང་བདེ་འཇགས་ཀྱི་རྨང་གཞི་འཛུགས་པ་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དེ་བས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་ཞེས་ནན་སྟོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

ཞི་ཅིན་ཕིང་གིས་ཅང་ཞི་རུ་བརྟག་ཞིབ་གནང་རིང་ཆེད་མངགས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འདི་སྐོང་ཚོགས་གནང་བ་རེད། བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན། ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅེ་ཉིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུས་པ་དང་སྦྲགས་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་ཡོད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་ཕུལ་ཡོད།

ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་ནས་ལོ ༨ ཙམ་སོང་རིང་། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཉམ་དུ་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་ཏན་ཏིག་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་སྦགས་མེད་ཕྱོགས་སུ་འགྱུར་བ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཆོད་སེམས་དང་ཤུགས་ཚད་གཉིས་ཀ་སྔར་ན་མེད་པ་ཆེན་པོ་ཡིན་པས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བསམ་བློའི་ངོས་འཛིན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། མཉམ་དུ་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དེ་ཐུན་མོང་གི་ངོས་འཛིན་དུ་གྱུར་བ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་རྒྱུག་པའི་མཛེས་ལྗོངས་བསྐྱར་དུ་མངོན་པ། འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཤུགས་ཆེན་བྱུང་ནས་གསར་གཏོད་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཕྱོགས་ཡོངས་ནས་ཐོན་པ། ས་ཁོངས་མཉམ་འདྲེས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་ས་ཁོངས་མཐུན་སྦྱོར་མཉམ་འགུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། བསྒྱུར་བཅོས་སྒོ་འབྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་ཕྱོགས་གང་ཅིའི་ཐད་ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་རྣམ་པ་མགྱོགས་མྱུར་ངང་ཆགས་པ་བཅས་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་གྲུབ་འབྲས་ཚང་མས་མཐོང་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། དེ་དང་དུས་མཚུངས་སུ་མཐོང་དགོས་པ་ཞིག་ལ། འབྲི་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གྲངས་འབོར་ནས་སྤུས་ཚད་ཕྱོགས་སུ་འགྱུར་ལྡོག་འགྲོ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་། ཐོབ་པའི་གྲུབ་འབྲས་ད་དུང་བརྟན་པོ་མེད་པ། ཕྱི་རོལ་ཡུལ་དུ་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཡོད་པས། མུ་མཐུད་དེ་འབད་བརྩོན་ཆེན་པོས་ཐག་གཅོད་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཕུགས་ནས་བལྟས་ཚེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རྩ་དེ་འབྲི་ཆུའི་འབབ་རྒྱུད་ཀྱི་སྤུས་མཐོའི་འབྱུང་ཁམས་ཁོར་ཡུག་ལ་བརྟེན་དགོས། བློ་བརྟན་འགྱུར་མེད་ངང་མཉམ་དུ་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས། འབྲི་ཆུའི་རྒྱུད་ཀྱི་ས་གནས་ཁག་གི་འབྱུང་ཁམས་དམར་ཐིག་གཏན་ཁེལ་ཟིན་པས། ངེས་པར་དུ་དམ་འཛིན་ཡག་པོ་དང་དོ་དམ་ཡག་པོ་ཐུབ་པ་དང་། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཆོག་འཐུས་གསལ་ཐོ་ལག་ལེན་ནན་པོ་བསྟར་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབྱེ་མཚམས་བཅད་པའི་ས་གནས་དེ་གའི་གལ་ཆེའི་འབྱུང་ཁམས་བར་སྟོང་ལ་གདེང་ཚོད་ཡོད་པ་བྱས་ཏེ། སྔོན་ལ་སྲུང་སྐྱོང་དང་སྲུང་སྐྱོང་ནན་པོ་བྱེད་དགོས། འབྱུང་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་འབྱུང་ཁམས་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རླུང་ཁམས་ཆེན་མོ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མདུན་སྣེའི་སྦགས་བཙོག་ཚོད་འཛིན་ལ་དེ་བས་དོ་སྣང་བྱེད་པ་བཅས་ཀྱིས། འབྱུང་རྩ་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་ཉུང་དུ་གཏོང་དགོས། འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཐོབ་ཟིན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཐཱན་ཉུང་དང་། སྦགས་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྦགས་མེད་ཅན་དུ་བསྒྱུར་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། སྦགས་མེད་ཐཱན་ཉུང་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་མགྱོགས་སུ་གཏོང་བ་དང་། སྦགས་མེད་ལག་རྩལ་དང་སྦགས་མེད་ཐོན་རྫས་འཕེལ་རྒྱས་ཧུར་ཐག་གཏོང་བ། དཔལ་འབྱོར་སྦགས་མེད་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འབྱུང་ཁམས་ཀྱི་བཟང་ཆ་ལྡན་པའི་ས་ཁུལ་གྱིས་འབྱུང་ཁམས་བེད་སྤྱོད་པའི་ལས་དོན་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས། འབྱུང་ཁམས་ཀྱི་རྒྱུ་ནོར་དེ་དཔལ་འབྱོར་གྱི་རྒྱུ་ནོར་དུ་བསྒྱུར་དགོས། འཕྲེད་ཕྱོགས་ཀྱི་འབྱུང་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབབ་རྒྱུད་ཡོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱ་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཚན་ཞིབ་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བྱས་ཐོག ཁྱབ་ཁོངས་གསར་པའི་འགྲན་ལམ་གསར་པ་ཧུར་ཐག་བཏོད་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས། ཚན་སློབ་ཐོན་ཁུངས་ལེགས་འགྱུར་སྡེབ་སྒྲིག་དང་ཚན་རྩལ་གསར་གཏོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བར་དམིགས་ཏེ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་བཀོད་སྒྲིག་ཧུར་ཐག་བྱེད་པ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་ཡིད་འགུག་དང་བསྡུ་རུབ་བྱེད་པ། ཚན་རྩལ་གྱི་མདུན་གྲལ་ཁྱབ་ཁོངས་ཀྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་མགྱོགས་མྱུར་འགག་སྒྲོལ་ཐུབ་པ་བཅས་བྱེད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་ལག་ལེན་བསྟར་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་སྦྲེལ་ཐག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ཐོན་ལས་རྒྱུན་མཐུད་པ་དང་གསར་དར་ཐོན་ལས་འཛུགས་འབྲེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་ཤར་ནུབ་འཕྲེད་བཅད་དང་། ལྷོ་བྱང་འབྲེལ་མཐུད་བྱེད་པ། ཆུ་ཐོག་ཤར་བགྲོད་དང་མཚོ་ཐོག་སྐྱོད་ཐུབ་པའི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་འབྲེལ་མཐུད་དེ་བས་ཡག་པོ་བྱེད་པ། ཐོན་ཁུངས་རིགས་གཉིས་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེ་མོའི་ནང་ངོས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཐད་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་དགོས་ལ། མཐུན་སྦྱོར་འཕེལ་རྒྱས་དང་། གནས་འཛོལ་འཕེལ་རྒྱས། མཉམ་འགུལ་འཕེལ་རྒྱས་བཅས་ཀྱང་བྱེད་དགོས། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཐོན་ལས་བཀོད་སྒྲིག་དང་སྤོ་བསྒྱུར་བྱེད་པ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་དང་། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཀོད་སྒྲིག་བྱེད་ཚུལ་ལེགས་འགྱུར། མ་དངུལ་དང་། ལག་རྩལ། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་བཅས་ཤར་རྒྱུད་ནས་དབུས་ནུབ་རྒྱུད་དང་། ལྟེ་བའི་གྲོང་ཁྱེར་ནས་དབུས་རྒྱུད་དུ་གོ་རིམ་ལྡན་པའི་སྒོ་ནས་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་ཐབས་ལམ་གསར་པ་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལམ་ལུགས་གསར་གཏོད་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཏོད་ཆེད་ཉམས་མྱོང་གསར་པ་གསོག་འཇོག་བྱེད་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། ས་ཁོངས་མཐུན་སྦྱོར་སྦྲེལ་མཐུད་ཤུགས་ཆེར་གཏོང་རྒྱུ་དེ་ཤུགས་རྒྱག་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཐོག འབྲི་ཆུའི་འགྲམ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་དབར་གྱི་མཉམ་གྲོས་དང་འབྱུང་ཁམས་མཉམ་བཅོས། ཁྱབ་ཁོངས་ཧྲིལ་པོ་མཉམ་སྐྲུན། གོང་འཕེལ་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་འགྲིམ་འགྲུལ་གྱི་སྦྲེལ་མཐུད་རང་བཞིན་དང་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན། སྒྲིག་སྲོལ་གྱི་གཅིག་མཐུན་རང་བཞིན། ལག་བསྟར་གྱི་མཉམ་སྡེབ་རང་བཞིན་བཅས་ཤུགས་ཆེར་བཏང་ནས། འབྱུང་ཁམས་ཀྱི་ཐུན་མོང་མ་ལག་དང་ཁེ་ཕན་གྱི་ཐུན་མོང་མ་ལག་བརྟན་པོའི་ངང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ས་ཁོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཇུས་འགོད་དང་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་བར་ཁྱམས་བསྐྲུན་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་དྲ་རྒྱ་ཕན་ཚུན་འབྲེལ་མཐུད་དང་གཞུང་ལམ་དང་། ཆུ་ལམ། ལྕགས་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ས་ཁོངས་ཀྱི་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱུ་ཆ་གཙོ་བོའི་ཚོང་ར་ཅན་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། ཐོན་དབང་སྲུང་སྐྱོབ་དང་ཚོང་རར་ཞུགས་འཐུས། གཞུང་དྲང་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་ཁོངས་ལས་བརྒལ་བ་དང་། སྡེ་ཁག་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་གཞི་གྲངས་ཆ་འཕྲིན་མཉམ་སྤྱོད་དང་ལས་རིམ་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུ་འཐུས་ཚང་དུ་གཏོང་བ། སྲིད་དོན་ཞབས་ཞུའི་མཉམ་ལས་གཏིང་ཟབ་སྤེལ་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་དགོས། འབྲི་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་འབྲི་ཆུའི་རིག་གནས་མཚོན་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་འདོན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག རང་བྱུང་གི་རི་ཆུའི་ཁྱད་ཆོས་དང་ལོ་རྒྱུས་མི་ཆོས་རིག་གནས་ཀྱི་ནང་དོན་ལྡན་པའི་མཚོ་འགྲམ་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་། མཛེས་སྡུག་ལྡན་པའི་ཤང་གྲོང་བཅས་ཁག་གཅིག་བསྐྲུན་ཏེ། འབྲི་ཆུའི་རྒྱལ་སྤྱིའི་ཡུལ་སྐོར་ཁུལ་ཡག་ཤོས་ཤིག་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། འབྲི་ཆུའི་དཔལ་འབྱོར་རྒྱུད་ནི་རྒྱལ་ཡོངས་གོང་འཕེལ་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན། གོང་འཕེལ་དང་བདེ་འཇགས་གཉིས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གལ་ཆེན་གྱི་བདེ་འཇགས། ཆུའི་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་གཅིག་བརྟན་པོ་ཡོང་བའི་ཐོག་ནས་གནས་བབ་ཧྲིལ་པོའི་བདེ་འཇགས་ལ་ལེགས་སྐྱེས་འབུལ་དགོས། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ནི་འབྲུ་རིགས་ཐོན་ཁུལ་གཙོ་བོའམ་ཡང་ན་བྲིན་ཚོང་ཁུལ་གཙོ་བོ་དང་ཐོན་སྐྱེད་དང་བྲིན་ཚོང་དོ་སྙོམས་ཁུལ་གང་ཞིག་ཡིན་རུང་། ཚང་མས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་བརྟན་པོར་འཁུར་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། འབྱུང་ཁམས་བཅས་གནས་གསུམ་གཞི་གཅིག་གི་སྲུང་སྐྱོབ་ལ་ཤུགས་སྣོན་དང་། ཇི་སྲིད་བར་གྱི་གཞི་རྩའི་ཞིང་ཁ་རྣམས་ཚད་གཞི་མཐོ་བའི་ཞིང་ཁར་རིམ་པ་བཞིན་འཛུགས་སྐྲུན། ཞིང་ལས་ས་བོན་གྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན། སྐྱེ་དངོས་གསོ་སྤེལ་གྱི་རྣམ་གྲངས་ཆེན་པོ་ལག་བསྟར་བཅས་བྱས་ཏེ། འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་ཀྱི་རང་བརྟེན་གསར་སྐྲུན་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་འབབ་འཕར་བའི་གཙོ་གནད་དེ་རྒྱ་ཁྱོན་ཆེ་བའི་ཐོན་སྐྱེད་རྐྱང་པའི་ཐོན་འབབ་མང་དུ་གཏོང་བའི་ཐོག་འཇོག་པ་དང་། ཞིང་ས་གཤིན་པོའི་ཐོག་ས་བོན་སྤུས་ལེགས་འདེབས་འཛུགས་དང་མཐུན་རྐྱེན་དང་བྱ་ཐབས་བཟང་པོའི་ཐོག་ནས་འདེབས་འཛུགས་གང་ལེགས་བྱེད་པ་བཅས་འདུས་གྲུབ་ཁྱབ་གདལ་གཏོང་བར་ཤུགས་རྒྱག་པ། རྣམ་པ་མི་འདྲ་བ་དང་གཞི་ཁྱོན་འོས་ཤིང་འཚམ་པའི་གཉེར་སྐྱོང་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གོང་འཕེལ་གཏོང་བ། རྒྱལ་ཡོངས་མིག་མངས་འགྲིག་སྒོར་གཅིག་ལྟར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དང་དབུས་སྨད་རྒྱུད་ས་ཁུལ་གྱི་ནུས་ཁུངས་མཉམ་ལས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་ཀྱི་མཐའ་སྲུང་འགན་ལེན་ནུས་པར་ཤུགས་རྒྱག་པ་དང་། རྡོ་སོལ་གཙང་སེལ་དང་ནུས་ཕྱོད་ཆེན་པོས་བེད་སྤྱོད་བྱ་རྒྱུར་དམ་འཛིན་བྱེད་པ། ཆུ་གློག་སོགས་བཟང་ཆ་ལྡན་པའི་སྲོལ་རྒྱུན་ནུས་རྒྱུ་དང་། རླུང་གློག འོད་ཧྥུའུ། ཆིང་ནུས་སོགས་ནུས་རྒྱུ་གསར་པའི་བྱེད་ནུས་མང་པོ་ཕན་ཚུན་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྣང་ཆེན་བྱེད་པ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གློག་ཁུངས་དང་གློག་དྲ། ཐེག་ཚད། ནུས་གསོག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ཆུ་རྒྱུན་དལ་འབབ་ཐུབ་པའི་ལས་དོན་ཧུར་ཐག་སྤེལ་བ་དང་། འབྲི་ཆུའི་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ཐན་པ་དང་ཞོད་སྐྱོན་མཉམ་འགོག་མཉམ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུ་རྒྱུད་མཉམ་མཐུད་དང་། ཆུ་འགོ་གསོ་འཁྱོངས། ས་ཆུ་སྲུང་འཛིན་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། ཆུ་བོ་རྒྱུག་ཁུལ་གྱི་ཆུའི་ལས་གྲྭ་གཅིག་གྱུར་ཐོག་མཉམ་འབྲེལ་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁོངས་བརྒལ་བའི་ཆུའི་སྤུས་ཚད་ལེགས་སྡུག་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། འབྲི་ཆུ་རྒྱུག་ཁུལ་གྱི་གནོད་འགོག་གནོད་སེལ་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཐོག ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་གོང་འཕེལ་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་གྱི་སྟོན་ཕྱོགས་དང་འཚམ་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་གཙོ་བོའི་ནང་སྒྱུར་བཅོས་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། ལས་དོན་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དེ་གོ་སྐབས་སུ་བརྩིས་ནས་རྒྱ་ཆེའི་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས། རིགས་ཁག་གི་ཁེ་ལས་དང་སྤྱི་ཚོགས་སྒྲིག་འཛུགས་ཀྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། མི་ཤུགས་དང་དངོས་ཤུགས། ནོར་ཤུགས་སོགས་ཐད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་ཡག་པོ་བྱེད་དགོས། དུས་བཀག་ལྟར༼འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་འཆར་འགོད་རྩ་གནད༽ལག་ལེན་བསྟར་བར་ཞིབ་བཤེར་དཔྱད་དཔོག་དང་ལྟ་སྐུལ་བྱས་ནས། ས་གནས་ཁག་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཐོག ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱས་ནས། མུ་མཐུད་ནུས་ཤུགས་ཡོད་རྒུ་འདོན་པ་དང་རྒྱུན་བསྲིངས་ལྷོད་མེད་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁམས་སྲུང་སྐྱོང་ཁ་གསབ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་འཚོལ་ཞིབ་གཏིང་ཟབ་བཅས་བྱེད་དགོས། གཙོ་གཟུགས་བྱེད་ནུས་ཁུལ་གྱི་འཐབ་ཇུས་ཀྱིས་དཔལ་འབྱོར་བཀོད་སྒྲིག་ལུགས་མཐུན་བྱེད་པར་ཁྲིད་སྟོན་དང་། བསྡུར་གཞི་ཡོད་པའི་བཟང་ཆར་གཞི་ཚུགས་པ། བྱེད་ནུས་གནས་ས་གནད་འཁེལ་འཚོལ་བ། འབྲི་ཆུའི་ཟུར་གསུམ་གླིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྟོད་རྒྱུད་དང་དབུས་རྒྱུད་ས་ཁུལ་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་ཁྲིད་བྱ་དགོས། གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ས་ཁོངས་ནང་གི་མཉེན་དང་མཁྲེགས་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་འཁོར་སྐྱོད་ནང་ཧུར་ཐག་ཞུགས་པ།ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་གལ་ཆེན་བྱེད་དགོས་པ་དང་། གསར་གཏོད་ཀྱི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་སྦྲེལ་ཐག་དང་ཐོན་ལས་ཀྱི་སྦྲེལ་ཐག་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བ།ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། བྱེད་ནུས་ངེས་གནས་དང་གོང་འཕེལ་ཁ་ཕྱོགས་ལུགས་དང་མཐུན་པར་གཏན་འཁེལ། མཚོ་རྒྱུད་དང་འབྲི་ཆུའི་འགྲམ་རྒྱུད་དང་། སྐམ་སའི་དབུས་ཁུལ་སྒོ་འབྱེད་ཐད་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་མཉམ་སྒྲུབ་མཉམ་འགུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྤྱིའི་མཉམ་ཤུགས་ཆགས་པར་བྱ་དགོས་ཞེས་བསྟན་ཡོད།

ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། ཝུའུ་ཀྲེང་ལུང་། མུའུ་ཧུང་། ཅང་ཤིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ས་ཁུལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲཊ་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོཊ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།