ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༦ པའི་ཚེས ༢ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་སྐྱོང་བྱས་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ས་གནས་ཁག་གི་སྨན་དོན་མི་སྣ་དང་ཚན་ཞིབ་མི་སྣའི་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་པ་དང་། ཉེན་ཟོན་ཉེན་བརྡའི་ལན་ཆའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགོག་སྲུང་དྲ་བ་དམ་ཚགས་བཟོ་བ་དང་ལོགས་དབྱེའི་གྱང་བརྟན་པོ་འཛུགས་པ་བཅས་བྱས་ན། གཞི་ནས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་ཆེད་འགན་སྲུང་ནུས་ལྡན་བྱེད་ཐུབ། བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་ཐད་བཀོད་སྒྲིག་ཆ་ཚང་གནང་ཡོད་པ་རེད།
སྤྱི་ཟླ ༦ པའི་ཚེས ༣ ཉིན་ནས་བཟུང་། ཅི་ལིན་ཞིང་ཆེན་ཧྲུའུ་ལན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁའི་རིམ་པ་དེ་ཉེན་ཁ་ཆེ་བ་ནས་ཉེན་ཁ་ཆུང་བའི་བར་ལེགས་སྒྲིག་བྱས་ཡོད། ཧྲུའུ་ལན་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་འགོ་འཛིན་ལི་ཀྲི་པེའོ་ཡིས། ད་ལྟ་ཉེན་ཁའི་རིམ་པ་དམའ་རུ་བཏང་ཡོད་ཀྱང་། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་ལྷོད་གཡེང་གཏོང་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད། ངས་མིག་སྔའི་རིམས་ནད་འགོས་ཁྱབ་འགྲོ་ཚུལ་ལ་ཚོད་འཛིན་ནུས་ལྡན་ཐུབ་མེད་པ་དང་རྒྱལ་ནང་གི་ས་ཁུལ་རེ་གཉིས་ལ་ད་དུང་རུབ་འདུས་རང་བཞིན་གྱི་རིམས་ནད་ཐོན་པའི་གནས་ཚུལ་འོག དེ་བས་ཀྱང་ལྷོད་གཡེང་སྤུ་ཙམ་མེད་པའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་དགོས་པ་ལས། སྣང་མེད་དུ་གཏན་ནས་གཏོང་མི་རུང་བར་གོ་བ་གཏིང་ཟབ་ལེན་ཐུབ་བྱུང་། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། མུ་མཐུད་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཐོན་པའི་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཐོག་མའི་དུས་མཚམས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་མ་ལག་ལ་བསྒྱུར་བཅོས་བྱ་རྒྱུ་དང་། རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ཁ་ཕྱོགས་གསལ་བཏོན་གནང་ཡོད། ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧྲའོ་ཏུང་གིས། འགོ་ནད་དང་དེ་བཞིན་འབྲེལ་ཡོད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་བཞིན་ཡོད། དེའི་ཐད་ང་ཚོས་མི་འདང་བའི་ཆ་ཁ་གསབ་དང་། སྟོང་ཆ་སྐོང་བ། ཞན་ཆ་གསབ་པ་བཅས་བྱ་རྒྱུ་ཡིན། ང་ཚོས་ཚ་རྒྱས་སྒོ་བསྟེན་སྨན་ཁང་འཛུགས་སྐྲུན་བྱ་རྒྱུ་དང་། འགོ་ནད་སྨན་ཁང་འཛུགས་སྐྲུན་བྱ་རྒྱུ། དེ་བཞིན་འགོ་ནད་ཚན་ཁག་དང་། འབྱིན་རྔུབ་ཚན་ཁག ICUབཅས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཚན་ཁག་ལ་འདེགས་སྐྱོར་བྱ་རྒྱུ་བཅས་ཀྱི་ཐད་འཆར་འགོད་དང་ཇུས་འགོད་ཆ་ཚང་བཟོས་ཡོད་པ་མ་ཟད་སྒྲིག་འཛུགས་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད་ཅེས་གསུངས།
ཧེ་ནན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲལ་སྒྲུབ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་མེང་ལིའེ་ཡིས། ང་ཚོས་མུ་མཐུད་ཞིང་ཆེན་ཧྲིལ་པོའི་འགོ་ནད་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལྷག་པར་དུ་ཐོག་མའི་དུས་ཀྱི་སྔོན་བརྡ་དང་ཐབས་ལམ་མང་པོའི་ཐོག་ནས་སྔོན་བརྡ་གཏོང་བའི་ཐད་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ནམ་སྣང་ཚུལ་དེ་རིགས་འཚོལ་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་གཞན་ཞིག་ནས། རྒྱུན་ལྡན་མིན་པའི་ཆ་འཕྲིན་སྙན་ཞུ་དང་། བརྒྱུད་སྤྲོད། ཐག་གཅོད། དཔྱད་དཔོག་བཅས་ཟུང་འབྲེལ་བྱེད་པའི་ཐད་ལས་དོན་དེ་བས་མང་བ་བསྒྲུབས་ནས། རྒྱུན་ལྡན་མིན་པའི་ཆ་འཕྲིན་བེད་སྤྱོད་ནུས་ལྡན་ཐུབ་རྒྱུར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།
ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་རིམས་ནད་ཁྲུའི་ཁྲུའུ་ཀྲང་ཀྲང་ཧེང་གིས། ལེའོ་ཉིང་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བསམ་འཆར་གྱི་འཆར་ཟིན་བཏོན་ནས། མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་སོགས་ཀྱི་ཐད་ཕྱོགས་མང་དོ་དམ་བྱེད་པ་དང་ཞན་ཆ་གསབ་དགོས། ལོ་ལྔ་ཚན་བཅུ་བཞི་པའི་དུས་རིམ་དཀྱིལ་མར། ང་ཚོས་མི་ཁྲི་རེའི་ཁྱབ་ཁོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ ༡.༧༥ བགོ་འགྲེམ་ཐུབ་པ་བྱ་རྒྱུ་དང་། དེ་དག་ཁྲོད་ཆེད་དོན་མི་སྣའི་བསྡུར་ཚད་ཀྱིས་བརྒྱ་ཆ ༨༠ ཟིན་པ་བྱ་རྒྱུ་རེད། རིམས་ནད་ཀྱི་ཐད། སྔོན་ཚུད་ནས་ལྟ་འདོམས་བྱས་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཆེས་གལ་འགངས་ཆེ་ཤོས་རེད། ནོར་སྲིད་མ་འཇོག་ཐད་རྫོང་དང་ཁུལ་ཁག་ཏུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ཆ་སྦྱོར་བྱེད་པ་དང་། རྫོང་རེར་ཉུང་མཐར་ཡང་སྒྲིག་ཆས་ཆ་ཚང་རེ་ཡོད་པ་བྱེད་པ་དང་། དེར་རྫོང་ཁག་གིས་ཕལ་ཆེར་མ་དངུལ་སྒོར་ས་ཡ ༡ ཙམ་རེ་གཏོང་དགོས་ཞེས་བསྟན་ཡོད།
མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་དུ་བཀུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེ་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཕོག་པ་རྣམས་སྐྱོབ་བཅོས་བྱེད་པའི་ཐད་རྒྱལ་ཡོངས་ཁྱོན་གྱི་ཐོན་ཁུངས་སྐུལ་སློང་བྱས་ཏེ། ནད་པ་གཅིག་ཀྱང་མ་ལུས་པ་བྱས་པ་དང་། ནད་པ་གཅིག་ཀྱང་བློས་གཏོང་བྱས་མེད། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་བཟང་ཆ་མངོན་ཡོད། ཧུའུ་པེར་རོགས་སྐྱོབ་བྱེད་མཁན་ཐན་ཅིན་གྲོང་ཁྱེར་སྨན་བཅོས་རུ་ཁག་གི་རུ་མི། ཐན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གསུམ་པའི་ནད་ལྕི་ཚན་ཁག་གི་སྨན་ཞབས་ཀྲའོ་ཡུའེ་ཡིས། ཧུའུ་པེར་རོགས་སྐྱོར་བྱེད་མཁན་རུ་ཁག་ནང་གི་རུ་མི་ཞིག་ཡིན་པའི་ངོས་ནས། རིམས་འགོག་འཐབ་ས་མདུན་མར་བསྐྱོད་མཁན་ནམ་རིམས་འགོག་ལས་དོན་སྒྲིག་འཛུགས་བྱེད་མཁན་དང་། ཡང་ན་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རོགས་སྐྱོབ་དངོས་རྫས་གྲབས་གསོག་བྱེད་པ་སོགས་གང་ཡིན་རུང་། དེ་དག་ཚང་མའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་བཟང་ཆ། དེ་བཞིན་ང་ཚོས་ཀུན་སེམས་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས་ཀྱིས་ད་ཐེངས་ཀྱི་རིམས་འགོག་ཐད་རྒྱལ་ཁ་ལེན་པའི་ཆོད་སེམས་མངོན་ཡོད་ཅེས་བསྟན་ཡོད།
ལོ་མང་རིང་སྲོག་ཆགས་ཀྱི་རིམས་འགོག་ཐད་ཞིབ་འཇུག་གནང་མཁན། ནང་སོག་ཞིང་ལས་སློབ་ཆེན་ཕྱུགས་རིགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧུ་ཧེ་པ་ཐེར་གྱིས། རང་ཉིད་ལ་མྱོང་ཚོར་ཟབ་ཤོས་དེ་རིམས་འགོག་བྱེད་པའི་བརྒྱུད་རིམ་ཁྲོད་སྔ་བར་ཕྱི་གསུམ་དུ་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་འཛིན་པ་དེ་རེད། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད། མི་དམངས་གོང་དུ་བཀུར་རྒྱུར་དམ་པོར་གཞིགས་ཡོད། དེ་ཡང་མི་སྣ་བཀོད་གཏོང་དང་། ཚེ་སྲོག་གོང་བཀུར། ནད་པའི་བདེ་ཐང་འགན་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མ་འཇོག་བྱེད་པ་སོགས་གང་ས་ཅི་ཐད་དུ་བློས་གཏོང་རྩ་བ་ནས་བྱས་མེད། དེར་ང་ཚོ་སྤྲོ་བ་དཔག་མེད་སྐྱེས་བྱུང་ཞེས་གསུངས་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་འཚམས་འདྲི་ཞུས་པ། རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་གྲོས་ཚོཊ་ཐེངས ༣ པ་མཇུག་སྒྲིལ་བ། ཞི་ཅིན་ཕིང་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།