ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ལ་གལ་ཆེའི་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་ཆུ་ལོག་གི་ས་གཤིས་གནོད་འཚེ་བཀག་འགོག་དང་འཕྲལ་སྒྲུབ་ཉེན་སེལ་རོགས་སྐྱོབ་བྱས་ནས། མི་དམངས་རྩ་བའི་རྩེ་མོར་འཇོག་རྒྱུ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཡོད་བ་རེད།
ཞི་ཅིན་ཕིང་གིས། སྤྱི་ཟླ ༦ པ་ཤར་ཚུན། རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ལྷོ། ལྷོ་ནུབ་བཅས་ས་ཁུལ་དུ་དྲག་ཆར་འབབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་དང་། ས་ཆ་མང་པོར་ཆུ་ལོག་གི་ས་གཤིས་གནོད་འཚེ་ཐོན་ཡོད་པས། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆུ་ལོག་གི་ས་གཤིས་གནོད་འཚེ་བཀག་འགོག་དང་འཕྲལ་སྒྲུབ་ཉེན་སེལ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་ནས། གནོད་འགོག་གནོད་སེལ་ལ་ཕན་འབྲས་ཡག་པོ་ཐོན་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རང་རྒྱལ་གྱི་ས་ཆ་མང་པོ་འབྲུབ་ཆུ་རྒྱས་པའི་དུས་མཚམས་སུ་སླེབས་ཡོད་པ་དང་། ས་ཁུལ་ཁག་གཅིག་ཏུ་འབྲུབ་ཆུ་རྒྱས་ཚུལ་ཚབས་ཆེན་པོ་ཡོད་པའི་ཁར། མི་རིང་བར་རྒྱ་མཚོའི་རླུང་འཚུབ་ཐོན་མང་བའི་དུས་ཚིགས་སླེབས་རྒྱུ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་སོགས་ཚན་པས་གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་ས་ཁུལ་གྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་འགོག་རྒྱུ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་མི་དམངས་རྩ་བའི་རྩེ་མོར་འཇོག་རྒྱུ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲུབ་འགོག་གནོད་སེལ་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ནས་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྔོན་འགོག་གྲ་སྒྲིག་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྒྲུབ་ཐག་གཅོད་བྱ་རྒྱུ་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། འབྲུབ་ཆུ་རྒྱས་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་རིམ་བཤེར་བྱེད་པ། ནུས་ཤུགས་ཡོད་རྒུས་ཉེན་འགོག་གནོད་སེལ་སྒྲིག་འཛུགས་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་དེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོཌ་འདུའི་དམིགས་བསལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ། ཞི་ཅིན་ཕིང་གིས་དུག་འགོག་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གསུམ་ལ་མཚན་བཀོད་གནང་བ། ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ།