ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་སྟེ། བང་རིམ་སྔར་བས་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་དང་ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་ལག་ལེན་བསྟར་ནས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་ཆེད་སྟོབས་ཆེའི་སྒུལ་ཤུགས་བསྣན་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་བ།
སྤྱི་ཟླ ༩ པའི་ཚེས ༡ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་གཟུགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་ཞིག་གང་མགྱོགས་ཆགས་པ་བྱེད་པ་ནི་རང་རྒྱལ་གྱི་གོང་འཕེལ་གྱི་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་གྱི་འགྱུར་བ་བཅས་ལ་གཞིགས་པའི་འཐབ་ཇུས་བཀོད་ཇུས་ཤིག་ཡིན་པ་དང་། དེ་གནས་བབ་ཧྲིལ་པོའི་མ་ལག་རང་བཞིན་གྱི་བང་རིམ་ཟབ་པའི་འཕོ་འགྱུར་དང་འབྲེལ་བ་ཡོད། སྒྱུར་བཅོས་ཞེས་པའི་འགག་རྩའི་བྱ་ཐབས་འདི་མུ་མཐུད་བེད་སྤྱོད་ཡག་པོ་དང་བེད་སྤྱོད་གང་དྲགས་བྱས་ནས་ཞུམ་མེད་མདུན་སྐྱོད་དང་དྲག་ཆར་རླུང་འཚུབ་ཀྱིས་འགོག་མི་ཐུབ་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་དམིགས་ནས་བང་རིམ་སྔར་བས་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་དང་། ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་ལག་ལེན་བསྟར་ཏེ། གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་རྒྱུར་སྟོབས་ཆེའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་པ་བྱེད་པར་ང་ཚོར་མངོན་གསལ་དོད་པའི་ལམ་ལུགས་ཀྱི་བཟང་ཆ་དང་སྲ་ཞིང་བརྟན་པའི་སྒྱུར་བཅོས་ཀྱི་རྨང་གཞི་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་ལ་གཞིགས་ཏེ་སྒྱུར་བཅོས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། རིགས་གཞུང་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་རབ་དང་རིམ་པ་ཐོབ་ཡོད། སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་དག་བེད་སྤྱོད་ཡག་པོ་བྱས་ཏེ། དོན་འཁྱོལ་དམ་འཛིན་དང་ཕན་འབྲས་ཐོན་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། གཏིང་ཚད་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་ལས་དོན་ཁག་གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པར་གཅིག་སྡུད་ཐོག་ཤུགས་སྣོན་རྒྱག་པའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མིག་སྔའི་དུས་བབ་འོག་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཞིག་འཕྲད་ཡོད་པས། སྒྱུར་བཅོས་ཀྱི་རིག་ལམ་དང་སྒྱུར་བཅོས་བྱ་ཐབས་སྤྱོད་མཁས་པོ་བྱེད་དགོས་པ་དང་། དུས་ཐུང་གི་ཁ་གཏད་གཅོག་ཐབས་དང་དུས་ཡུན་རིང་འབྲིང་གི་གོང་འཕེལ་ལ་བསམ་གཞིགས་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས་པ་སྟེ། འཐབ་ཇུས་ཐད་བཀོད་སྒྲིག་ཡག་པོ་བྱེད་དགོས་ལ་འགག་རྩའི་གནས་སུ་དོན་འཁྱོལ་ཡག་པོ་བྱེད་དགོས། ཐོན་ཁུངས་ཆ་སྦྱོར་གྱི་ལས་ཆོད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་སྒྱུར་བཅོས་དང་། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་སྒྱུར་བཅོས། ཕྱོགས་ཁག་ཚང་མའི་ཧུར་སེམས་སྐུལ་སློང་བྱ་རྒྱུར་ཕན་ཐོགས་ཡོད་པའི་སྒྱུར་བཅོས་བཅས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གཙོ་གནད་གནད་དོན་ལ་དོ་ཁུར་བྱེད་པ། སྒྱུར་བཅོས་བྱ་ཐབས་ཀྱི་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་མཐོར་ཤུགས་སྣོན་རྒྱག་པ། འགག་གནད་ཤར་གཏོང་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས། གོང་འཕེལ་གྱི་གནས་སྟངས་གསར་པ་དང་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་སོགས་འབྲེལ་མཐུད་ཡག་པོ་བྱས་ཏེ། ཆ་རྐྱེན་ལྡན་པའི་ས་ཁོངས་སུ་གོང་འཕེལ་གྱི་གནས་སྟངས་གསར་པ་སྔོན་ལ་འགྲུབ་རྒྱུ་འཚོལ་ཞིབ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས། སྒྱུར་བཅོས་ཀྱི་སྔོན་མཐོང་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དང་། འགལ་ཟླའི་འཁོར་རྒྱུག་གི་ཆོས་ཉིད་ཁོང་དུ་ཆུད་པ། དྲང་སྲུང་གསར་གཏོད་དང་གསར་སྐྲུན་གསར་འབྱེད་བྱས་ཏེ། བརྟན་པོ་མེད་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ལ་ཁ་གཏད་ཧུར་ཐག་དང་ནུས་ལྡན་བཅག་ནས་འཐབ་རྩོད་ཀྱི་འཇོན་ནུས་ཤུགས་ཆེར་གཏོང་བ་དང་། སྲིད་ཇུས་བར་ཁམས་རྒྱ་ཆེར་གཏོང་བ། ལམ་ལུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཕྱི་ཕྱོགས་ཉོ་ཚོང་གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་དང་། དུས་རབས་གསར་པར་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ། དམངས་གཉེར་འོས་འགན་སློབ་གསོ་གོང་འཕེལ་གཏོང་རྒྱུ་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ། སྨན་བཅོས་བྱ་སྤྱོད་ཀྱིས་ལུགས་མཐུན་གྱི་སྨན་བཅོས་བརྟག་དཔྱད་ཞིབ་བཤེར་ལ་སྐུལ་འདེད་གཏོང་རྒྱུ་སྔར་བས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ་བཅས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད། གྲོས་ཚོགས་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོང་གསེབ་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་གནང་ཡོད་པ་རེད།
གྲོས་ཚོགས་ཐོག མིག་སྔར་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་འགོག་རྐྱེན་འཕྲད་ཅིང་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཐོན་ཡོད། ང་ཚོས་ལྡོག་རླུང་དང་ལྟག་ལོག་རྦ་རླབས་ཀྱི་འགོག་རྐྱེན་ལས་སྒྲོལ་ཏེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། ཉེན་ཁ་དང་འགྲན་རྩོད་ཁྱོན་ཡོངས་ནས་སྔོན་འགོག་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་འཛུགས་རྒྱུར་དམ་པོར་གཞིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་སྒོ་དང་མ་དཔེ་གསར་གཏོད་བཅས་ཟབ་ཏུ་གཏོང་བ། ཉོ་ཚོང་སྤུས་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་དུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་པ། ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
གྲོས་ཚོགས་ཐོག དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བར། ཏང་གིས་མཐོ་རིམ་སློབ་གྲྭར་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གོང་འཕེལ་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དོན་ལྡན་རྣམ་པའི་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་གོང་འཕེལ་འཐབ་ཇུས་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། ཀྲུང་གོར་གཞི་ཚུགས་ཏེ་སློབ་ཆེན་གཉེར་བ། ཁྱད་ལྡན་བཟང་ཆ་འབུར་ཐོན་དང་སློབ་གཉེར་ཐོན་ཁུངས་གཅིག་འགྲིལ་བྱས་ནས་གནད་ཆེའི་རྒྱུ་རྐྱེན་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། དབུས་ནུས་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་ནང་སྐྱེས་སྒུལ་ཤུགས་དང་གོང་འཕེལ་གྱི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་བཅས་བྱས་ནས། དབུས་ནུབ་རྒྱུད་གསར་སྤེལ་སྒོ་འབྱེད་ཀྱི་རྣམ་པ་དང་འཚམ་མཐུད་ཡོང་བའི་མཐོ་རིམ་སློབ་གསོའི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག དམངས་གཉེར་འོས་འགན་སློབ་གསོའི་གོང་འཕེལ་ཚད་ལྡན་བཟོས་པའི་དམིགས་ཡུལ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གིས་འོས་འགན་སློབ་གསོར་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་སློབ་གསོ་གཉེར་བ་རྒྱུན་འཁྱོངས། སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། རིགས་དབྱེའི་མཛུད་ཁྲིད་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་འོས་འགན་སློབ་གསོར་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། སློབ་གསོའི་སྐྱེ་ཁམས་ལེགས་པོ་སྐྲུན་རྒྱུ། སློབ་མའི་ཁྱོན་ཡོངས་གོང་འཕེལ་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཆེད་བཅས་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོ་གཉེར་བ་རྒྱུན་འཁྱོངས་བྱས་ནས། འོས་འགན་སློབ་གསོའི་སྤྱི་ཕན་རང་བཞིན་འགན་ལེན་དང་། གཞུང་གཉེར་འོས་འགན་སློབ་གསོ་ཡག་པོ་དང་སྟོབས་ཆེར་གཉེར་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ལ་དམིགས་ཏེ། ང་ཚོས་ནད་པ་གཅིག་སྡུད་དང་། རིག་གཅིག་མཁས་པ་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་ཀྱི་རྩ་དོན་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་དང་། གནད་འཕིགས་ཇུས་འདོན་རྒྱུན་འཁྱོངས་བྱས་པ། སྨན་བཅོས་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། ནད་རྟགས་སྨན་བཅོས་ཀྱི་གོ་རིམ་དང་སྨན་བཅོས་སྨན་རྫས། དེ་བཞིན་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་ཐབས་བཅས་ལེགས་སྒྲིག་བྱས་པ། སྨན་བཅོས་འགན་བཅོལ་ས་ཆ་གཞན་དུ་དུས་ཐོག་རྩིས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་བས། སྨན་བཅོས་འཕྲོད་བསྟེན་མ་ལག་གིས་ནུས་པ་གལ་ཆེན་ཐོན་ཡོད། རྒྱ་ཆེའི་སྨན་དོན་མི་སྣས་སྨན་པའི་ཀུན་སྤྱོད་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་ལས་གཉེར་ཚད་གཞི་ནན་དུ་བཏང་བས། འགན་སེམས་ཆེན་པོ་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཆེན་པོ་མངོན་ཡོད། སྨན་བཅོས་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ལུགས་མཐུན་སྨན་བཅོས་བརྟག་དཔྱད་ལ་སྐུལ་འདེད་གཏོང་བར། སྨན་བཅོས་བྱེད་པོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་ནས་འགོ་འཛུགས་དགོས་པ་དང་། སྨན་བཅོས་ལས་ཁུངས་དང་སྨན་དོན་མི་སྣའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་པ། ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད། སྨན་བཅོས་དོ་དམ་སྒྲིག་གཞི་དང་། འཁོར་རྒྱུག་སྒྲིག་གཞི། ཞབས་ཞུའི་རིན་གོང་། ལས་ཕྱོད་བགོ་བཤའ་སོགས་ཕྱོགས་བསྡུས་ཅན་གྱི་བསྒྱུར་བཅོས་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག འཚོ་བའི་གད་སྙིགས་རིགས་དབྱེ་ནི་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་རྒྱུ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་གྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་དང་། མང་ཚོགས་ལ་གོམ་གཤིས་བཟང་པོ་འཇགས་རྒྱུར་སྐུལ་འདེད། རིགས་དབྱེའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་གཏོང་རྒྱུ། ཆ་སྦྱོར་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་བཅས་ནས་འགོ་བརྩམས་ནས། ཁྲིམས་སྐྱོང་གི་རྨང་གཞི་བྱས་པ་དང་། སྲིད་གཞུང་ནས་སྐུལ་འདེད། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ཡུན་ཕན་སྒྲིག་གཞི་འཛུགས་རྒྱུ་མགྱོགས་སུ་བཏང་ནས། ཚན་རིག་དང་མཐུན་པའི་འདུ་ཤེས་འཛུགས་པ་དང་། རིགས་དབྱེ་ནས་མཛུབ་ཁྲིད་བྱེད་པ། མ་ལག་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ཞིང་ལས་དང་གྲོང་གསེབ་ཀྱི་བསྒྱུར་བཅོས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། ཞིང་ལས་དང་གྲོང་གསེབ་ཀྱི་གོང་འཕེལ་ལ་ཚོད་འཛིན་ཡུན་རིང་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཁག་ཅིག་རིམ་བཞིན་སེལ་བ། རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་བའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་རགས་ཙམ་ཆགས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་སྔར་ལས་ལྷག་པ་བཅིངས་འགྲོལ་དང་གོང་འཕེལ་བཏང་བ། ཞིང་ལས་དང་གྲོང་གསེབ་གོང་འཕེལ་ཀྱི་གསོན་ཤུགས་ཆེ་རུ་བཏང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལམ་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་མ་མཐའི་མཚམས་ཐིག་གསུམ་མཐའ་གཅིག་ཏུ་སྲུང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། གཅིག་གྱུར་ཇུས་འགོད་དང་། ཁ་ཕྱོགས་དམ་འཛིན། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འབྲུ་རིགས་བདེ་འཇགས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་གོང་འཕེལ་གཏོང་སྟངས་བརྗེ་བསྒྱུར་ཇེ་མགྱོགས་བྱས་ནས་དེང་རབས་ཞིང་ལས་གོང་འཕེལ་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ཐད་ཉམས་མྱོང་དེ་བས་མང་གསོག་དགོས། གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་ལྟར་ཆ་སྦྱོར་བྱ་རྒྱུ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་དང་། མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ་སོགས་རྒྱུ་རྐྱེན་སྣ་ཚོགས་བཀོད་སྒྲིག་བྱེད་པའི་ལས་ཆོད་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ནང་གནས་གསོན་ཤུགས་སྐུལ་སློང་བྱ་དགོས། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་། ཕྱོགས་སྟོན་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་མཐོར་གཏོང་བ། ཞིང་ལས་གོང་འཕེལ་གཏོང་རྒྱུ་དེ་ཐོན་འཕར་གྱི་ཁྲིད་ཕྱོགས་ནས་སྤུས་ལེགས་ཀྱི་ཁྲིད་ཕྱོགས་སུ་བསྒྱུར་རྒྱུར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བསྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་བྱས་ཏེ། ལམ་ལུགས་ཁག་ཕན་ཚུན་སྦྲེལ་མཐུད་དང་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་འཛིན་པ། བརྟན་བརླིང་དང་གཟབ་ནན་བཅས་བྱས་ནས། ལས་དོན་ཁག་གི་དུས་ཚོད་དང་ཕན་འབྲས་སྟངས་འཛིན་ཡག་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་ངང་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་བཏོན་ཡོད། ལོ་འདི་དག་རིང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དེ་རྨང་གཞི་བརྟན་པོ་དང་ཀ་གདུང་བཙུགས་པ་ནས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བར་དང་། དེ་ནས་མ་ལག་འདུས་གྲུབ་དང་། མཐུན་སྦྱོར་ལས་ཆོད་མཐོ་བའི་བར་གོམ་སྟབས་བརྟན་པོ་སྤོས་པ་དང་དཔའ་ངར་ཆེན་པོས་བྱ་སྤྱོད་སྤེལ་ཡོད་པས། འགོ་འཛུགས་ས་གསར་པའི་ཐོག་འགག་སྒྲོལ་གསར་པ་བྱུང་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་བ། སྙིང་སྟོབས་ཆེར་སྐྱེད་བཅས་ཀྱིས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་བསྒྱུར་བཅོས་ལས་འགན་དོན་འཁྱོལ་བྱས་ཚུལ་ཕྱོགས་བསྡོམས་དང་དཔྱད་དཔོག་ལེགས་པོ་བྱས་ནས། ཕྱོགས་བསྡོམས་དཔྱད་དཔོག་བྱ་རྒྱུ་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་བསྒྱུར་བཅོས་བསམ་ཕྱོགས་དང་ཟུང་འབྲེལ་བྱེད་པ་དང་། བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཅིག་བསྡུས་སྟོབས་ཤུགས་ཆེན་པོ་དང་ཟུང་འབྲེལ་བྱས་ཏེ། སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྩ་ཆེའི་ཉམས་མྱོང་ཁྱོན་ཡོངས་ནས་མངོན་པ་དང་། ཕྱོགས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་དང་སེམས་ཤུགས་བརྟན་དུ་བཏང་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་བྱ་ཕྱིར་སྟོབས་ཤུགས་གསོག་དགོས་ཞེས་བསྟན་ཡོད་པ་རེད། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས། ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་མ་ཟད་བཀའ་སློབ་གནང་བར་མི་དམངས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་ཁག་ལ་བཀའ་སློབ་གནང་བ། ཞི་ཅིན་ཕིང་གིས་བཞུཊ་མོལ་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།