ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་མ་ཟད་ཁོང་ཚོར་ཉེན་རྟོག་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་པའི་བཀའ་སློབ་གནང་བར་མི་དམངས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་བཟང་པོ་བྱུང་བ།
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་ཉེན་རྟོག་པའི་དར་ཆ་གནང་བ་དང་འབྲེལ་བཀའ་སློབ་གནང་བར་མི་དམངས་ཉེན་རྟོག་པའི་དཔུང་ཁག་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་བླང་བྱ་བཞི་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་ཉེན་རྟོག་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་ཁེ་ཕན། མང་ཚོགས་ཀྱི་བདེ་ཐང་། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་ཉེན་རྟོག་པའི་དར་ཆ་གནང་བ་དང་འབྲེལ་བཀའ་སློབ་གནང་བ་དེར་རང་རྒྱལ་གྱི་མི་དམངས་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། སྤྱི་བདེ་པུས་ཏང་ཨུད་ཀྱི་རྒྱ་སྐྱེད་ཚོགས་འདུ་འཚོགས་ནས་བཀའ་སློབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་ཡོད། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གནང་བ་དང་འབྲེལ་བཀའ་སློབ་གནང་བ་དེ་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་རེད་ཅེས་བསྟན་ཡོད།
སྤྱི་བདེ་པུའི་དམིགས་བསལ་ལས་སྒྲུབ་ཅུད་ཕྱི་མགྲོན་སྐུ་སྲུང་སྤྱི་ཁྱབ་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཝུའུ་ཐེན་ཧྥུ་ཡིས་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག ལོ་རྒྱུས་ཀྱི་དུས་སྐབས་དེར་དཔང་པོ་གནང་ཡོད། ཁོང་གིས། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་བདེའི་དཔུང་ཁག་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་མཚོན་ཡོད་ཅེས་གསུངས་ཡོད་པ་རེད།
དར་ཆ་སྤྲོད་པའི་མཛད་སྒོ་མཇུག་བསྒྲིལ་རྗེས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འཕྲལ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད། རྒྱལ་ཁབ་བདེ་འཇགས་ལས་བྱེད་ཉེན་རྟོག་པའི་འཐུས་མི་ཝུའུ་ཡུའེ་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་ཡོད། ཁོང་གིས། ད་ལྟ་ནས་བཟུང་མི་དམངས་ཉེན་རྟོག་པར་རང་ཉིད་ཀྱི་དར་ཆ་ཡོད། དེ་ནི་ཚད་མཐོའི་ཁས་ལེན་ཞིག་ཡིན་ལ་སྐུལ་ལྕག་ཆེན་པོ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དར་ཆར་འཛིན་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདུན་པ་འདུན་པར་འཛིན་པ་བཅས་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱིས་མི་དམངས་ཉེན་རྟོག་དཔུང་ཁག་ནས་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་ལ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱ་དགོས་པ་སླར་ཡང་ནན་སྟོན་གནང་ཡོད། ཧྥུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཀྲང་ཀྲོའུ ༡༡༠ ཡི་རུ་དཔོན་ཧོང་ཧའེ་ཆང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་དང་། བསྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་དར་སྤེལ་གཏོང་བ། ཉེན་རྟོག་དཔུང་ཁག་ནན་སྐྱོང་བཅས་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱེད་པ་དང་། སྤྱི་བདེ་དཔུང་ཁག་ནི་ཏང་གི་ཡིན་པའི་རྩ་བའི་ཆབ་སྲིད་ཀྱི་ངོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་དང་། ཏང་གིས་སྤྱི་བདེའི་ལས་དོན་ལ་བལྟོས་མེད་འགོ་ཁྲིད་དང་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་མེད་པའི་ངང་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ནམ་ཡང་ཏང་དང་མི་དམངས་ཀྱི་ལག་ཏུ་བཟུང་བའི་རལ་གྲི་ལྟ་བུ་ཞིག་བྱ་དགོས་ཞེས་གསུངས་ཡོད་པ་རེད།
ཡོད་ཚད་མི་དམངས་ཀྱི་ཆེད་དུ་དང་། ཡོད་ཚད་མི་དམངས་ལ་བརྟེན་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱིས་དུས་རབས་གསར་པའི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་དང་གོང་འཕེལ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུད་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་རུ་དཔོན་ལི་ཅན་ཧྭ་ཡིས། དམིགས་བསལ་ཉེན་རྟོག་པ་ནི་འཐབ་ས་དང་པོར་གདོང་མཆོངས་བྱེད་མཁན་གྱི་དཔུང་ཁག་ཅིག་ཡིན་པ་དང་། མང་ཚོགས་སྐྱོབ་མཁན་གྱི་དཔའ་བོ་ཡིན་ཞིང་། ཁྲིམས་འགལ་ཉེས་གསོག་རྩ་མེད་བཟོ་བའི་རྣོ་གྲི་ལྟ་བུ་ཡིན་ཞེས་གསུངས་ཡོད་པ་རེད།
དུས་བདེ་ནི་མི་དམངས་བདེ་སྐྱིད་བདེ་འཁོད་ཡོང་བའི་གཞི་རྩའི་བླང་བྱ་ཡིན་པ་དང་། བསྒྱུར་བཅོས་དང་གོང་འཕེལ་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་ཁག་ནས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཆེད་བློ་གཅིག་སེམས་གཅིག་གིས་ལས་དོན་ཧུར་ཐག་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུད་ཚོང་གྲོང་ལམ་ཡན་ལག་ཅུད་ཀྱི་གྱོད་གཞི་མྱུལ་ཞིབ་རུ་ཆེན་གྱི་སློབ་སྟོན་པ་ལིའུ་ཁྲེང་ཞའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་ཁག་ལ་བཀའ་སློབ་གནང་བ། ཞི་ཅིན་ཕིང་གིས་བཞུཊ་མོལ་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་ནས་འབྲུབ་འགོག་ཉེན་སེལ་བློ་མཐུན་ཚོར་འཚམས་འདྲི་གནང་།